༸གོང་ས་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག

2024.06.22
༸གོང་ས་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག བཞུགས་སྒར་གྱི་གསུང་ཆོས་རྭ་བར་༧གོང་ས་མཆོག་ལ་གསུང་ཐར་གཟིགས་འབུལ་ཞུ་བཞིན་པ། ༢༠༢༤།༠༤།༢༣ ཉིན།
དགའ་ལྡན་ཕོ་བྲང་།

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་རྒྱ་གར་མངའ་སྡེ་བྷི་ཧར་ནང་ར་ཇ་གྷི་རི་ས་གནས་སུ་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་ཞིག་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག་ཅིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་། གནའ་བོའི་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་ནི་རྒྱ་གར་ཤར་ཕྱོགས་སུ་ཤེས་ཡོན་གྱི་བསྟི་གནས་གཙོ་བོའི་ཚུལ་དུ་གནས་ཡོད་ཅིང་། ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་གྱི་ཐབས་ལམ་དེ་ཡང་། གྲོས་བསྡུར་དང་བགྲོ་གླེང་སོགས་བསམ་ཚུལ་བརྗེ་ལེན་བརྒྱུད། ཨེ་ཤེ་ཡའི་སློབ་མ་མང་དག་ཅིག་གི་བསམ་བློ་བཀུག་ཐུབ་ཡོད་པ་མ་ཟད། ལྟ་གྲུབ་དང་ཚན་རིག ཨང་རྩིས་དང་སྨན་བཅས་ཀྱི་སློབ་སྦྱོང་ཙམ་ཞིག་མ་ཡིན་པར། དེང་གི་སྤྱི་ཚོགས་སུ་འབྲེལ་བ་དང་གལ་ཆེར་གྱུར་ཡོད་པའི་རྒྱ་གར་གྱི་མི་ལོ་མང་པོའི་རིང་གི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་སྐོར་སློབ་སྦྱོང་གནང་གི་ཡོད་ཅེས་གསུངས་འདུག

སྤྱི་ནོར་༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གི་ལེགས་ཆ་དེ་ཙམ་ཞིག་མ་ཡིན་པར་དེའི་ཐོག ནྰ་ལནྡྰའི་ནང་སློབ་གཉེར་གནང་མཁན་སློབ་མ་རྣམས་ནི། རྒྱ་གར་གྱི་གནའ་བོའི་སྒོམ་སྒྲུབ་ཉམས་ལེན་བརྒྱུད་སེམས་ཞི་བདེ་ཡོང་ཐབས་ཀྱི་རིག་གཞུང་བརྒྱུད། སེམས་དང་སེམས་འབྱུང་གི་སྐོར་ལ་ཞིབ་ཚགས་ཀྱི་གོ་རྟོགས་གོང་འཕེལ་བྱུང་ཡོད་པ་དང་། ངོས་ནས་ནྰ་ལནྡྰའི་རྒྱུ་མཚན་དང་རིགས་པའི་དཔྱད་ཐབས་ཀྱི་རིག་གཞུང་ནི་དེང་དུས་ཤེས་ཡོན་དང་མཉམ་ལས་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་པ་སྒྲུབ་ཐུབ་རྒྱུའི་གྲ་སྒྲིག་ཞིག་ཡིན་པ་ཡིད་ཆེས་ཡོད་ཅེས་བཀའ་སྩལ་འདུག

མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་ས་ཕྱོགས་གང་ས་གནས་སྡོད་གཞོན་སྐྱེས་ཁྲོད་རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་སློབ་སྦྱོང་ཐད་སྤྲོ་སྣང་དང་དོ་སྣང་བྱེད་བཞིན་པར་ངོས་ལ་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། དེར་ཆེས་ཞི་བདེ་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་ནུས་པ་ཆེན་པོ་ལྡན་ཡོད་ཅེས་གསུངས་འདུག་པ་མ་ཟད། ངོས་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོ་རྟོགས་དང་སྤྲོ་སྣང་རྒྱ་ཆེ་སྤེལ་རྒྱུའི་ཐད་དམ་བཅའ་བརྟན་པོ་ཡོད་པ་བཞིན། གནའ་བོའི་ས་ཚིགས་ཤིག་ཏུ་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་ནི་ཧ་ཅང་ལེགས་ཤིང་། ཡར་རྒྱས་གོང་འཕེལ་ཡོང་བའི་ཐུགས་སྨོན་མཛད་འདུག

ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དེ་བཞིན། ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༩ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས། རྒྱ་གར་མངའ་སྡེ་བྷི་ཧར་གྱི་ར་ཇ་གྷི་རི་ས་གནས་སུ་དབུ་འབྱེད་གནང་ཡོད་པ་དང་། གཙུག་ལག་སློབ་གཉེར་ཁང་དེའི་འཛུགས་སྐྲུན་གྱི་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༡༧ ནས་དབུ་འཛུགས་གནང་ཡོད་པ་རེད་འདུག 

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། 
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎