ཚུལ་མིན་འཁྲིག་སྤྱོད་ཀྱི་དཀའ་སྡུག་མྱངས་མཁན་ཁག་གཅིག་ལ་༧གོང་ས་མཆོག་གིས་མཇལ་ཁ་གནང་འདུག


2018.09.14
༧གོང་ས་མཆོག་ནེ་ཐར་ལེནཌསྀ་(Netherlands)ནང་ཞབས་སོར་འཁོད་སྐབས། ༢༠༡༨།༩།༡༤ ༧གོང་ས་མཆོག་ནེ་ཐར་ལེནཌསྀ་(Netherlands)ནང་ཞབས་སོར་འཁོད་སྐབས། ༢༠༡༨།༩།༡༤
OHHDL

བླ་མའི་མིང་འཛིན་པ་ཁག་ཅིག་གི་ཚུལ་མིན་འཁྲུག་སྤྱོད་ཀྱི་བྱ་སྤྱོད་བླ་ཆེན་ཁག་གི་ཚོགས་ཆེན་སྐབས་བཀའ་བསྡུར་གནང་རྒྱུ་ཡིན་པ་༧གོང་ས་མཆོག་གིས་གསུངས་ཡོད་འདུག
ནུབ་ཕྱོགས་ཡུལ་གྲུ་ཁག་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མའི་མིང་འཛིན་པ་ཁག་ཅིག་གིས་ཚུལ་མིན་འཁྲིག་སྤྱོད་ཀྱི་བྱ་བ་སྤེལ་བའི་འོག་དཀའ་སྡུག་མྱངས་པའི་མི་སྣ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ནེ་ཐར་ལེནཌསྀ་ཡི་གྲོང་ཁྱེར་རོ་ཊེར་ཌམ་རུ་༧གོང་ས་མཆོག་གིས་མཇལ་ཁ་གནང་འདུག
འཁྲིག་སྤྱོད་ཀྱི་བྱ་བ་སྤེལ་བའི་འོག་དཀའ་སྡུག་མྱངས་པའི་མི་བཞིས་གོང་ས་མཆོག་དང་མཇལ་ཁ་ཞུས་ནས་བླ་མའི་མིང་འཛིན་པ་ཁག་ཅིག་གིས་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་བྱ་སྤྱོད་འོག་ལུས་སེམས་གཉིས་ཀྱི་དཀའ་ངལ་མྱོང་མཁན་མི་བཅུ་གཉིས་ཀྱི་གནས་ཚུལ་བཀོད་པའི་སྙན་ཐོ་ཞིག་ཕུལ་ཡོད་འདུག་ལ། ཁོང་ཚོས་ད་ལོའི་ཕྱི་ཟླ་ ༡༡ པའི་ནང་རྡ་རམ་ས་ལར་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་ཆེན་སྐབས་གནད་དོན་འདིའི་སྐོར་ལ་བཀའ་བསྡུར་ཡོང་བའི་རེ་འདུན་ཞུས་པ་ལྟར།  ཕྱི་ཟླ་ ༩ ཚེས་ ༡༤ ཉིན་གྱི་མཇལ་ཁའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནད་དོན་འདིའི་ཐད་བླ་ཆེན་རྣམ་པའི་ཚོགས་ཆེན་སྐབས་བཀའ་བསྡུར་གནང་རྒྱུའི་ཞལ་བཞེས་གནང་འདུག
ནང་པའི་བླ་མའི་མིང་འཛིན་པ་ཁག་ཅིག་གི་ཚུལ་མིན་བྱ་སྤྱོད་འོག་དཀའ་སྡུག་མྱངས་པའི་མི་སྣ་ཁག་ཅིག་གིས་གཟའ་ཟླ་བའི་ཉིན་བླ་མའི་མིང་འཛིན་པ་དེ་དག་གིས་བཙན་གཡེམ་བྱས་ལུགས་དང་ཁོང་ཚོའི་བྱ་སྤྱོད་འགོག་ཐབས་ཆེད་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་འགོ་བཙུགས་བྱས་ཤིང་། ད་བར་མི་གྲངས་ཆིག་སྟོང་གསུམ་བརྒྱ་ལྷག་གི་རྒྱབ་སྐྱོར་བྱུང་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ནང་པའི་བླ་མའི་མིང་འཛིན་པ་དེ་དག་གི་ཚུལ་མིན་གྱི་བྱ་སྤྱོད་འགོག་ཐབས་ཀྱི་ལས་འགུལ་སྤེལ་མཁན་ཚོས་བོད་པའི་བླ་མ་ལྔའི་མིང་དངོས་སུ་བཏོན་ཡོད་འདུག
དེང་སྐབས་འཛམ་གླིང་ནང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་མཁན་པོ་དང་བླ་མ་ཚོས་འཁྲིག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བའི་འོག་དཀའ་སྡུག་མྱངས་པའི་གནས་ཚུལ་ཉིན་ལྟར་ཐོན་བཞིན་ཡོད་པར་མ་ཟད། རྒྱ་ནག་དང་ཀོ་རི་ཡ། ཐཡེ་ལེནཌ་སོགས་ནང་པའི་ཡུལ་གྲུ་ཁག་ནང་དགེ་འདུན་པ་ཁག་ཅིག་གིས་འཁྲིག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བའི་གནས་ཚུལ་མང་དག་ཅིག་ཐོན་བཞིན་ཡོད་པ་རེད།  
བོད་བརྒྱུད་ནང་བསྟན་གྱི་ཁོངས་སུ་ཉེ་ཆར་རིག་པ་ཆོས་ཚོགས་ཀྱི་བསོད་རྒྱལ་རིན་པོ་ཆེ་དང་ཤམྦྷ་ལ་ཆོས་ཚོགས་ཀྱི་ས་སྐྱོང་མི་ཕམ་རིན་པོ་ཆེ་གཉིས་ཀྱིས་འཁྲིག་སྤྱོད་ཀྱི་བྱ་སྤྱོད་ལས་སློབ་མ་ཁག་ཅིག་ལ་ལུས་སེམས་གཉིས་ཀའི་དཀའ་ངལ་ཆེན་པོ་སྤྲད་པའི་ནག་ཉེས་བཙུགས་ནས་དབྱིན་ཡུལ་དང་ཨ་རིའི་ནང་གི་སྒེར་གྱི་ཁྲིམས་རྩོད་ལས་ཁུངས་ཁག་ཅིག་གིས་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་ཞིང་། བསོད་རྒྱལ་རིན་པོ་ཆེའི་ཐོག་ནག་ཉེས་ཡོད་པའི་སྙན་ཐོ་ཡང་ཐོན་ཟིན་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎