བལ་ཡུལ་དང་བོད་གཉིས་བར་ལོ་ངོ་སྟོང་ཕྲག་རིང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ༧གོང་ས་མཆོག་གིས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བལ་པོའི་མི་མང་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༡༧ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་བསྩལ་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བལ་བོད་གཉིས་ཞེས་བལ་ཡུལ་དང་བོད་གཉིས་བར་ལོ་ངོ་སྟོང་ཕྲག་རིང་གི་དམིགས་བསལ་འབྲེལ་བ་ཡོད་པ་མ་ཟད། འབྱུང་འགྱུར་ཚེ་རབས་ནས་ཚེ་རབས་དམིགས་བསལ་འབྲེལ་བ་ཡོང་གི་རེད། ཅེས་བསྩལ་བ་དང་མཉམ། བལ་པོ་ཚོས་ནང་ཆོས་ལ་དོ་སྣང་བྱེད་པ་ཙམ་མིན་པར་། སློབ་གཉེར་གནང་དགོས་པའི་གལ་གནད་སྐོར་དང་། ལྷག་ཏུ་ཆོས་དད་ཡོད་མེད་ལ་མ་བལྟོས་པར་སེམས་བཟང་པོ་བྱེད་རྒྱུ་གལ་ཆེར་ཡིན་པ་བཀའ་གནང་བ་དང་སྦྲགས། གསོལ་འདེབས་བྱས་བ་ལྟར། མ་ཎི་དང་འཇམ་དཔལ་དབྱངས། དེ་བཞིན་སྒྲོལ་མའི་གཟུངས་སྔགས་ལྗགས་ལུང་གནང་ཡོད་པ་རེད།
ད་རེས་མཇལ་བཅར་བ་སྣེ་ཁྲིད་མཁན་བལ་ཡུལ་དུ་གནས་བཞུགས་བལ་པོ་དགེ་བཤེས་བློ་བཟང་ཤེས་རབ་ལགས་ཀྱིས། ད་སྐབས། བལ་ཡུལ་ས་ཁུལ་(Shobhar)་དང་། (Kirtipur)་དེ་བཞིན་རྒྱལ་ས་ཀ་ཐ་མན་ཀྲོའུ་སོགས་ཀྱི་ནང་བོད་ཡིག་དང་ནང་ཆོས་ལ་དོ་སྣང་བྱེད་མཁན་བལ་པོ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ངོ་སྤྲོད་གནང་ཞིང་། བལ་པོ་མང་དག་ཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། རང་གི་རྩ་བའི་བླ་མར་ངོས་འཛིན་གྱིས། མགོན་པོ་གང་ཉིད་མཆོག་གི་གསེར་ཞལ་མཇལ་རྒྱུར་ཡུན་རིང་རེ་སྒུག་བྱེད་ཀྱི་ཡོད་པ་བཞིན་ད་རེས་མི་མང་༣༥ཙམ་ལ་དངོས་སུ་མཇལ་ཁ་རག་ཡོད་པ་དགའ་ཚོར་བྱུང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
བལ་པོ་དགེ་བཤེས་བློ་བཟང་ཤེས་རབ་ལགས་ནི། ནང་ཆོས་ལ་སློབ་གཉེར་རྒྱ་ཆེར་ཡོང་ཆེད། སྤྱི་ལོ་༡༩༩༦ལོར་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་སྨད་དུ་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་ཏེ། སྤྱི་ལོ་༢༠༡༨ལོར་དགེ་བཤེས་ཀྱི་མཚན་གནས་ཐོབ་པ་དེ་ནི་བཙན་བྱོལ་དུ་གདན་ས་ཁག་ནས་དགེ་བཤེས་ཀྱི་མཚན་གནས་ཐོབ་མཁན་བལ་པོའི་མི་རིགས་མཐོ་མའི་གྲས་ཤིག་ཡིན་འདུག
མཇལ་བཅར་ཞུ་མཁན་བལ་པོའི་མི་རིགས་(Rachana Maharjan)་ལགས་ཀྱིས། དགེ་བཤེས་ལགས་ཀྱི་རོགས་རམ་ལ་བརྟེན་ནས། ད་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་རྒྱུ་བྱུང་སོང་བས། ཧ་ཅང་གི་ངོ་མཚར་ཆེ་ཞིང་། ཞི་བདེའི་དེད་དཔོན་ཆེན་པོ་ཁོང་མཇལ་བའི་སྐབས་རང་བཞིན་གྱི་སེམས་ནང་ཞི་བདེ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བལ་ཡུལ་ནང་གནས་བཞུགས་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་(Bharat Dongol)་ལགས་ཀྱིས། བལ་ཡུལ་མི་མང་ཚོས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སེམས་གཏིང་ནས་དད་པ་ཆེན་པོ་ཡོད། མི་མང་པོ་ཞིག་གིས་ཁོང་མཇལ་འདོད་ཡོད་ཀྱང་། ཆབ་སྲིད་དཀའ་རྙོག་གི་དབང་གིས་ད་བར་ཞལ་མཇལ་ཐུབ་མེད། བལ་པོའི་དད་ལྡན་མི་མང་ཚོས་༧གོང་ས་མཆོག་བལ་ཡུལ་དུ་ཆིབས་བསྒྱུར་བསྐྱང་པའི་རེ་སྒུག་བྱེད་མུས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་སྔ་བལ་ཡུལ་གྱི་རྒྱལ་པོ་(Birendra Bir Bikram Shah)་ལགས་ཀྱིས་གདན་ཞུ་ལྟར། སྤྱི་ལོ་༡༩༨༧ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་ལུམ་བི་ནིར་ཐོག་མར་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་ད་བར་ཆིབས་བསྒྱུར་བསྐྱང་ཐུབ་མེད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།