༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོས་ཁ་བྲལ་རྩོད་ཀྱི་མེད་ཅེས་བཀའ་གནང་འདུག


2018.04.23
༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Lal Bahadur Shastri)་འཛིན་སྐྱོང་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་མཛད་སྒོའི་ཐོག 2018/4/23 ༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Lal Bahadur Shastri)་འཛིན་སྐྱོང་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་མཛད་སྒོའི་ཐོག 2018/4/23
བསྟན་འཛིན་འོད་ཟེར།/RFA

ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ན་ཡང་ད་ལྟ་ང་ཚོས་རང་བཙན་རྩོད་ཀྱི་མེད་ཅེས་༧གོང་ས་མཆོག་གིས་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ནེཧ་རུའི་དྲན་རྟེན་འགྲེམ་སྟོན་དང་དཔེ་མཛོད་ཁང་དུ་ འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་སླད་རིག་གཞུང་དང་ཚུལ་ཁྲིམས་ཀྱི་དགོས་པ་ཅེས་པའི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོ་བྱམས་པ་དང་སྙིང་རྗེ་ཉམས་སུ་བླང་སྟེ་མི་ཕན་ཚུན་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་ཀུན་ཁྱབ་གཞན་ཕན་གྱི་བསམ་བློ་སྐྱེ་ཐབས་བྱ་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།  བཀའ་སློབ་གསུང་བཤད་ཀྱི་མཇུག་ཏུ་མང་ཚོགས་ནས་བཀའ་འདྲི་དགོངས་བསྐོར་ཞུས་པའི་ཁོངས་ནས་འཛམ་གླིང་ནང་ཡུལ་གྲུ་ཕན་ཚུན་དང་ཆོས་ལུགས་ནང་ཕན་ཚུན་མི་མཐུན་པའི་གནས་ཚུལ་འབྱུང་བཞིན་པར་མ་ཟད། མི་བསད་ཁྲག་སྦྱོར་གྱི་བྱ་བ་ཡང་མི་ཉུང་བ་ཞིག་འབྱུང་བཞིན་པ་འགོག་ཐབས་སྐོར་བཀའ་འདྲི་ཞུས་པར།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམག་འཐབ་ནི་ཡོལ་ཟིན་པའི་བྱ་བ་ཞིག་ཡིན་པ་དང་། དྲག་པོའི་ཐབས་ལམ་གྱི་ཐོག་ནས་འཛམ་གླིང་ནང་གི་དཀའ་ངལ་སེལ་ཐུབ་རྒྱུ་མིན་ཞིང་། ཕན་ཚུན་གོ་ཤེས་དང་གྲོས་མོལ་གྱི་ལམ་ནས་མི་མཐུན་པའི་གནད་དོན་ཁག་སེལ་རྒྱུའི་དུས་རབས་ཤིག་ཡིན་པ་བཀའ་གནང་ཡོད་པ་རེད།  དེ་དང་འབྲེལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནི་ལོ་རྒྱུས་དང་ས་ཆའི་བབས། དེ་བཞིན་སྐད་ཡིག་དང་རིག་གཞུང་ལ་སོགས་པའི་ཐོག་ནས་རྒྱ་ནག་དང་ཐ་དད་པའི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ན་ཡང་། ད་ཆ་ང་ཚོས་རང་བཙན་རྩོད་ཀྱི་མེད་ཅེས་དང་། གལ་ཏེ་རྒྱ་ནག་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་རིགས་ས་ཁུལ་དུ་ངོས་འཛིན་བྱས་པའི་རང་སྐྱོང་ལྗོངས་དང་ཁུལ། རྫོང་སོགས་མིང་སྣ་ཚོགས་པ་ཞིག་བཏགས་པ་དེ་དག་ཡོངས་རྫོགས་ཀྱི་ནང་།  བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་བདག་གཅེས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་གཅིག་མཚུངས་སྤྲད་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ན་འགྲིག་པ་ཞིག་རེད་ཅེས་དང་། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེས་ང་ཚོར་རྒྱ་ནག་གི་དཔལ་འབྱོར་དང་དངུལ་གྱི་ཕན་ཐོག་ཡོང་རྒྱུ་དང་། རྒྱ་ནག་ནང་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པ་དེ་དག་ལ་བོད་བརྒྱུད་ནང་བསྟན་གྱི་ཐོག་ནས་ཕན་ཐོག་བྱེད་ཐུབ་པ་ཡིན་པས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  རྒྱ་གར་ནི་བོད་མི་ས་ཡ་དྲུག་གི་སེམས་ནང་བོད་ཀྱི་རིག་གཞུང་འབྱུང་ཁུངས་ཡིན་པའི་ཚོར་བ་ཞིག་ཡོད་སྟབས། རང་བཞིན་གྱིས་རྒྱ་གར་དང་བློ་ཐག་ཧ་ཅང་ཉེ་པོ་ཡོང་གི་ཡོད།  ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོངས་སུ་སྡོད་ཚེ། རྒྱ་གར་དང་རྒྱ་ནག་དབར་འབྲེལ་བ་བཟང་དུ་འགྲོ་རྒྱུར་ཕན་ཐོགས་ཀྱི་ཞབས་འདེགས་ངེས་ཅན་ཞིག་གྲུབ་ཐུབ་པའི་ཆ་རྐྱེན་ཡོད་པ་བཀའ་གནང་འདུག
དེ་བཞིན་ཚེས་༢༣ཉིན། ༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་དམ་པ་ལ་ལུ་བྷ་ཧ་དྷུར་ ཤ་སེ་ཏི་རི་(Lal Bahadur Shastri་Institute)མཆོག་གི་མཚན་ཐོག་ཡོད་པའི་འཛིན་སྐྱོང་སློབ་ཁང་གི་སློབ་ཐོན་གྱི་མཛད་སྒོའི་ཚོགས་མགོན་དུ་ཕེབས་ནས་སློབ་ཐོན་པ་༢༠༠ལྷག་ལ་བཀའ་སློབ་དང་སློབ་ཐོན་ཕྱག་ཁྱེར་གནང་ཡོད་པ་དང་། གོང་ཞུས་འཛིན་སྐྱོང་སློབ་གཉེར་ཁང་གི་དབུ་འཛིན་ ཌི་ ཀེ་རི་སེ་ ཝ་སེ་ཏ་ཝ་( D K Shrivastava)དང་། ཚོགས་གཙོ་ཨིན་ ཤ་སེ་ཏི་རི་(Anil Shastri) རྣམ་གཉིས་ཀྱིས་༧གོང་ས་མཆོག་ལ་ལེགས་སྐྱེས་ཕུལ་གནང་འདུག
ཚེས་ ༢༢ ཉིན་༧གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྲིད་བློན་ཆེས་ཐོག་མ་ནེ་རུ་མཆོག་གི་རྗེས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ནས་ཚོགས་བཅར་བ་མི་གྲངས་ ༣༠༠ བརྒལ་བར་བཀའ་སློབ་སྩལ་འདུག

གསར་འགོད་པ་འགན་འཛིན་སྐལྡན་བློ་གྲོས་དང་། ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎