མཚོ་པདྨར་༧གོང་ས་མཆོག་དབུ་བཞུཊ་ཐོག་སྤྲེལ་ལོ་ཚེ་བཅུ་སྲུང་བརྩི།


2016.07.14
༧གོང་ས་མཆོག་གིས་མཚོ་པདྨར་ཆོས་འབྲེལ་གནང་ཡུལ། ༢༠༡༦།༧།༡༣ ༧གོང་ས་མཆོག་གིས་མཚོ་པདྨར་ཆོས་འབྲེལ་གནང་ཡུལ། ༢༠༡༦།༧།༡༣
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག ཕྱི་ཟླ་༧་ཚེས་༡༤་ཉིན་གུ་རུ་རིན་པོ་ཆེའི་གནས་མཆོག་མཚོ་པདྨར་སྤྲེལ་ཟླ་ཚེས་བཅུ་སྲུང་བརྩི་དང་ཉིན་རྒྱབ་མང་ཚོགས་ལ་བཀའ་དབང་སྩལ་མཛད་འདུག།
ཕྱི་ཚེས་༡༤་ཉིན་ནི་རབ་གནས་སྤྲེལ་ཟླ་ལོའི་བོད་ཟླ་ལྔ་པའི་ཚེས་༡༠་ཡིན་ཞིང་། སྔ་དྲོ་ཕྱག་ཚོད་༥་པའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་གམ་བཅར་རྣམ་རྒྱལ་གྲྭ་ཚང་དང་། གནས་ཆུང་གྲྭ་ཚང་། གཞན་ཡང་མཚོ་པདྨའི་ཁུལ་གྱི་གྲྭ་བཙུན་སྔགས་གསུམ་ལྷན་ཞུགས་ཐོག་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མ་ཧ་གུ་རུའི་ཚོགས་མཆོད་རྒྱས་པ་ཞིག་འབུལ་བཤམས་ཞུས་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཕྱག་ཡིག་ཞབས་ཞུ་བ་སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེས་འདི་ག་རླུང་འཕྲིན་ཁང་དུ་ཞལ་པར་ཐོག་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་མུ་འཐུད་གསུངས་པར་གཞིགས་ན། ཕྱག་ཚོད་བདུན་པ་ཙམ་ལ་སྔར་སྤྲེལ་ཟླ་ཚེས་བཅུའི་དུས་ཆེན་སྲུང་བརྩི་ཞུ་བའི་ཕྱག་སྲོལ་བཞིན། གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྤྱན་འདྲེན་གྱི་ཞལ་འདོན་གསུངས་གནང་པ་དང་བསྟུན་བོད་སྐྱོང་ལྷ་སྲུང་གཙོ་བོ་གནས་ཆུང་དང་། གཉེན་ཆེན་ཐང་ལྷ། ལྷ་མོ་གཡུ་སྒྲོན་མ། རྒྱལ་ཆེན་ཀརྨ་འཕྲིན་ལས་བཅས་སྐུ་ཕེབས་གནང་ཡོད་པ་དང་། མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སོགས་དབུ་ཁྲིད་རྣམ་པ་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་དང་ས་གནས་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་ཆེད་བཅར་ཞུས་འདུག།
ཡང་སྔ་དྲོའི་ཕྱག་ཚོད་༩་ནས་༡༡་བར་མཚོ་པདྨའི་དགོན་པ་ཁག་གི་བླ་མ་རྣམ་པ་དང་། དེ་བཞིན་རྒྱ་གར་དཔོན་རིགས་སོགས་ལ་མཇལ་ཁ་སྩལ་གནང་མཛད་ཅིང་། ཉིན་རྒྱབ་ཕྱག་ཚོད་ ༡༢་ཙམ་ནས་ཕྱི་དྲོ་ཕྱག་ཚོད་༤་བར་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སྩལ་གནང་མཛད་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་རིན་པོ་ཆེ་ནི་བོད་འབངས་ཚོར་བཀྲིན་ཅན་ཞིག་དང་བོད་ལ་ཐུགས་བསྐྱེད་དམ་ཚིག་དམིགས་བསལ་ཅན་ཞིག་ཡོད་པ་བཀའ་གནང་ཡོད་པ་རེད།  
ཡང་བཀའ་དབང་གི་སྔོན་འགྲོའི་ཆོས་བཤད་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རང་གི་སྔར་སྲོལ་ཆོས་བཤད་བྱེད་སྟངས་ལ་འགྱུར་བ་ཞིག་གཏོང་དགོས་པ་བཀའ་གནང་པ་དང་། དེ་ཡང་ཐོག་མར་ནང་ཆོས་ངོ་སྤྲོད་མཐིལ་ཕྱིན་པ་ཞིག་བྱས་པའི་རྗེས། གཞི་ནས་སྲོལ་རྒྱུན་གྱི་ཐོག་ནས་ནང་ཆོས་འགྲེལ་བཤད་རྒྱག་སྟངས་ཞིག་བྱེད་ཚེ་དགོས་པ་དང་ཕན་ཐོགས་ཆེ་བ་ཞིག་ཡོད་པ་བཀའ་གནང་ཡོད་འདུག།
ཕྱི་ཟླ་༧་ཚེས་༡༥་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎