བོད་སོག་གཉིས་བར་དམིགས་བསལ་གྱི་འབྲེལ་བ་ཡོད། ༧གོང་ས་མཆོག་གིས།


2019.02.28
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སོག་པོའི་དད་ལྡན་པར་ཆོས་འབྲེལ་སྐབས། ༢༠༡༩།༢།༢༨ OHHDL
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སོག་པོའི་དད་ལྡན་པར་ཆོས་འབྲེལ་སྐབས། ༢༠༡༩།༢།༢༨

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་མི་མང་བཞི་སྟོང་ལྷག་ལ་གསུང་ཆོས་སྩལ་སྐབས། བོད་སོག་གི་འབྲེལ་བ་དང་དམིགས་བསལ་༧རྒྱལ་དབང་༧སྐུ་ཕྲེང་རིམ་བྱོན་དང་སོག་པོའི་དབར་ཐོུང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་སོག་པོ་བརྒྱ་དང་ལྔ་བཅུ་ཙམ་དང་དྲ་རྒྱའི་ཐད་གཏོང་བརྒྱུད་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་སྦཱ་ཐར་ནང་ཆོས་ཞུ་བ་མི་གྲངས་བཞི་སྟོང་ལྷག་ལ་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་ཉམས་མགུར་སོགས་ཀྱི་བཤད་ལུང་ཆོས་འབྲེལ་ཕྱི་ཟླ ༢ ཚེས་ ༢༨ ནས་སྩོལ་གནང་དབུ་འཛུགས་གནང་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སོག་དབར་དུས་རབས་བདུན་པ་ཙམ་ནས་འབྲེལ་བ་ཆེན་པོ་བྱུང་ཡོད་པར་མ་ཟད། དམིགས་བསལ་༧རྒྱལ་མཆོག་༧སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་དུས་ནས་སོག་བོད་དབར་ཐོུང་མ་ཡིན་པའི་འབྲེལ་བ་དམ་ཟབ་བྱུང་བ་འདི་ད་བར་ལོ་ངོ་བརྒྱ་ཕྲག་འགའ་ཤས་ཕྱིན་པའི་རྗེས་སུ་ཡང་བརྟན་པོར་གནས་ཡོད་པ་བཀའ་གནང་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཕྱི་ལོ་ ༡༩༧༩ ལོར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཡོད་པའི་སྐབས་སོག་ཡུལ་དུ་ཐོག་མར་ཞབས་སོར་འཁོད་སྐབས་དམར་ཤོག་འོག་དཀའ་སྡུག་ཧ་ཅང་ཆེན་པོ་མྱངས་བཞིན་པའི་སོག་ཡུལ་ཡུལ་མི་ཚོས་དད་པའི་ཚོར་བ་ཤུགས་ཆེ་བཏོན་པ་དང་༧གོང་ས་མཆོག་སྤྱན་ཆབ་ཤོར་བའི་གནས་ཚུལ་བྱུང་བ་ཁག་གཅིག་གསུངས་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧རྒྱལ་མཆོག་༧སྐུ་ཕྲེང་བཞིན་པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་དུ་སྐུ་འཁྲུངས་པ་དང་། ༧རྒྱལ་མཆོག་༧སྐུ་ཕྲེང་ལྔ་པར་སོག་པོ་གུར་ཤི་ཁང་གིས་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་མངའ་སྲོལ་ཞུས་པ་སོགས་ལོ་རྒྱུས་ཀྱི་གནས་ཚུལ་ཁག་ངོ་སྤྲོད་གནང་ཞིང་།  སོག་ཡུལ་དུ་བསྟན་པ་དར་ཡུལ་གྱི་དུས་ཚིགས་འགའ་ཤས་རྩིས་སྲོལ་ཡོད་པ་ལས་བསྟན་པ་ཕྱི་དར་ནི་༧རྒྱལ་མཆོག་བསོད་ནམས་རྒྱ་མཚོས་སོག་ཡུལ་ནང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་དགེ་ལུགས་པའི་བསྟན་པ་ཤུགས་ཆེ་དར་སྤེལ་མཛད་པའི་དུས་སྐབས་དེར་ངོས་འཛིན་བྱེད་ཀྱི་ཡོད་པ་བཀའ་གནང་ཡོད་པ་རེད།  ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧རྒྱལ་བའི་མཚན་ཞབས་དངོས་གྲུབ་ཚོགས་གཉིས་ལགས་སོགས་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཐོག་འདིར་སོག་པོའི་མཁས་པ་འགྲན་ཟླ་བྲལ་བ་མང་དག་ཞིག་བྱུང་ནས་བསྟན་པ་སྤྱི་དང་ལྷག་པར་དུ་འཇམ་མགོན་བླ་མ་ཙོང་ཁ་པའི་བསྟན་པར་ཞབས་འདེགས་རླབས་པོ་ཆེ་གྲུབ་ཡོད་པ་ལྟར། མུ་འཐུད་གདན་ས་གྲྭ་ཚང་ཁག་ནང་སློབ་གཉེར་གནང་མཁན་གྱི་སོག་པོའི་དགེ་འདུན་པ་ཚོས་སོག་ཡུལ་ནང་གི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པ་མི་ཉམས་དར་སྤེལ་ཡོང་བ་བྱེད་ཐུབ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད
ཉིན་དང་པོའི་དྲ་རྒྱའི་ཐད་གཏོང་གི་གསུང་ཆོས་གྲུབ་མཚམས་སོག་ཡུལ་གྱི་ཕྲུ་གུ་ལོ་ཆུང་༡༡༣ནས་༧གོང་ས་ཆེན་པོར་ཞབས་བརྟན་གསོལ་འདེབས་ཞིག་གླུ་གཞས་ཀྱི་ལམ་ནས་འབུལ་ལམ་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎