གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ།
2015.02.12
Denmarkགྲོས་ཚོཊ་ཀྱི་སྲིད་དོན་ཚོགས་པ་འདྲ་མིན་གྱི་འཐུས་མི་བཅོ་ལྔ་ཙམ་གྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་འདུག
དེ་རིང་ཚེས༡༢ཉིན་ཌེན་མརཀ་Denmarkགྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་མི་འདྲ་བའི་འཐུས་མི་བཅོ་ལྔ་ཙམ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་པ་དང་། མཇལ་འཕྲད་མ་གནང་གོང་ཌེན་མརཀ་གྱི་གསར་འགོད་པ་ཁག་གཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ངོས་ནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་འདིའི་ཐོག་ནས་ཐུགས་རེ་ག་རེ་གནང་གི་ཡོད་མེད་དགོངས་སྐོར་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འོས་བསྡུའི་ལམ་ནས་མང་ཚོགས་ཀྱིས་བདམས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཟིན་སྟབས་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཐད་ཐུགས་རེ་གང་ཡང་གནང་གི་མེད་ཅེས་དང་། འོན་ཀྱང་ཀོ་པེན་ཧེ་གྷན་ནང་དེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཚུགས་ཡུལ་ཞིག་ཡིན་སྟབས་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ལྷན་དུ་འཛམ་གླིང་ཁོར་ཡུག་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་ཐད་དོགས་འདྲི་དང་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་བཀའ་ལན་བསྩལ་འདུག
གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཁག་ཅིག་གིས་དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་མྱོང་ཡོད་པ་མ་ཟད། ད་རེས་ཌེན་མརཀ་གྱི་སྲིད་བློན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མ་ཞུས་པར་སྐྱོན་བརྗོད་ཀྱང་གནང་འདུག དཔེར་ན་སྔོ་ལྗང་ཚོགས་པའི་འཐུས་མི་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ནི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་པ་རྒྱ་ནག་ལ་ལན་བརྡའི་རྣམ་འགྱུར་བསྟན་ཐབས་ཞིག་ཡིན་པ་གསུངས་འདུག
རེས་གཟའ་ལྷག་པའི་ཉིན་Denmarkཕྱི་སྲིད་བློན་ཆེན་Martin Lidegaard གིས། ཏཱ་ལའི་བླ་མ་མཆོག་ནས་Denmarkགཞུང་དང་ལྷན་མཇལ་འཕྲད་ཀྱི་རེ་སྐུལ་གང་ཡང་གནང་མེད་ལུགས་གསུངས་ཏེ་༧གོང་ས་མཆོག་རྒྱལ་ས་Copenhagen་དུ་ཆིབས་བསྒྱུར་བསྐྱངས་སྐབས་ Denmark གཞུང་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྩིས་མེད་པ་གསལ་འདོན་གནང་པ་རེད། དེ་སྔ་༢༠༠༩ལོར་Denmarkགི་སྲིད་བློན་མཆོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་པའི་རྗེས་རྒྱ་ནག་གཞུང་ནས་Denmark ལ་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་བར་མཚམས་བཅད་དེ་ Denmarkལ་ཚོང་འབྲེལ་གྱི་དོ་ཕོག་ཆེན་པོ་བྱུང་ཡོད་པ་རེད།Denmarkཕྱི་སྲིད་བློན་ཆེན་གྱི་ཕེརན་སི་གསར་ལས་ཁང་ལ་e-mailགློག་འཕྲིན་བརྒྱུད་གནས་ཚུལ་བརྒྱུད་བསྒྲགས་བྱས་པའི་ནང་Denmarkགཞུང་གིས། བོད་རྒྱ་ཁོངས་ཡིན་པའི་སྲིད་ཇུས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད་ལུགས་དང་། ཡིན་ན་ཡང་Denmarkགཞུང་ཕྱོགས་ནས། བོད་མིར་དོན་དམ་པའི་རང་སྐྱོང་གི་གནས་བབ་འབྱུང་ཐབས་སུ་རྒྱ་ནག་གཞུང་དང་ལྷན་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྲོས་མོལ་དང་ལས་དོན་མཉམ་ལས་བྱས་པ་བརྒྱུད་བོད་མིར་ཕན་གྲོགས་ཡག་ཤོས་བྱེད་ཐུབ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག
ཚེས༡༢ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཙོ་བོ་ནི་མང་ཚོགས་ལ་བཀའ་གདམས་པའི་དགེ་བཤེས་གླང་རིང་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་སྐོར་ཆོས་འབྲེལ་སྩལ་གནང་མཛད་བཞིན་པ་དེ་ཡིན་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ་དང་དོན་གྲུབ་རྣམ་རྒྱལ།