ཅེཀ་རིག་གཞུང་བློན་ཆེན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད།


2016.10.18
༧གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་ཕེབས་པར་དགའ་བསུ་བྱེད་བཞིན་པ། ༢༠༡༦།༡༠།༡༧ ༧གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་ཕེབས་པར་དགའ་བསུ་བྱེད་བཞིན་པ། ༢༠༡༦།༡༠།༡༧
Olivier Adam

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་(Daniel Herman)་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་འདུག།
དེ་ཡང་Prague་རླུང་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༠ ཚེས་༡༨ ཉིན་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་རྒྱལ་ཁབ་དེའི་རིག་གཞུང་ལྷན་ཁང་གི་ལས་ཁུངས་ནང་གནང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རིག་གཞུང་བློན་ཆེན་གྱི་མཇལ་འཕྲད་སྐབས། རིག་གཞུང་བློན་ཆེན་སྐུ་ཞབས་ཧར་མེན་གྱི་སྲིད་དོན་ཚོགས་པ་Christian Democrats་གྱི་ཚོགས་མི་ཁག་གཅིག་ཀྱང་ལྷན་བཅར་ཞུས་འདུག།
རྒྱ་ནག་གཞུང་གིས་འདི་ལོ་འགོ་སྟོད་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཡུལ་དེའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝལ་ཙབ་ཧ་ཝེལ་མཆོག་གིས་འཛམ་གླིང་ནང་གི་དཀའ་རྙོག་ཁག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཀྱི་གླེང་སྟེགས་ཆེད་བཙུགས་པའི་Forum 2000་འམ་གླེང་སྟེགས་གཉིས་སྟོང་ཅེས་པའི་ཚོགས་པས་གདན་ཞུ་ཕུལ་བ་ལྟར་ཆིབས་བསྒྱུར་བསྐྱངས་གནང་མཛད་བཞིིན་ཡོད་པ་རེད།
ཕྱི་ཚེས་༡༨་སྔ་དྲོ་རིག་གཞུང་བློན་ཆེན་དང་མཇལ་འཕྲད་གྲུབ་རྗེས་གླེང་སྟེགས་གཉིས་སྟོང་གི་ཚོགས་འདུའི་ཐོག་ཆོས་ལུགས་ཀྱི་འགལ་ཟླའི་སྣང་ཚུལ་ཅེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་པ་དང་། ཉིན་གུང་ལྗགས་སྨིན་གྲུབ་རྗེས། འདི་ལོའི་གླེང་སྟེགས་གཉིས་སྟོང་གི་ཚོགས་འདུའི་མཇུག་སྡོམས་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
མཇུག་བསྡོམས་ཚོགས་འདུའི་བརྗོད་གཞི་ནི། གླེང་སྟེགས་གཉིས་སྟོང་གི་ལོ་ངོ་ཉི་ཤུ། དེང་དུས་ཀྱི་འཛམ་གླིང་དང་དེའི་ནང་གི་དཀའ་ངལ་ཅེས་པ་དེ་ཡིན་པ་རེད།
ཕྱི་ཚེས་༡༧་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཅེཀ་བརྙན་འཕྲིན་ལས་ཁང་གི་བཅར་འདྲིར་བཀའ་ལན་གནང་པའི་སྐབས། ཅེཀ་གི་སྲིད་འཛིན་ཟུར་པ་Vaclav Havel མཆོག་གི་རྩོད་རྙོག་ཁག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུའི་དགོངས་པ་དེ་དུས་རབས་མང་པོའི་རིང་གནས་ཀྱི་རེད་ཅེས་བཀའ་གནང་འདུག་ལ། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་མི་དམངས་ཀྱིས་དབུ་ཁྲིད་དམ་པ་ཁོང་ལ་དགའ་ཞེན་ཆེན་པོ་ཞུ་གི་ཡོད་པ་ལྟར། ཁོང་གི་མཚན་སྨོས་པ་ཙམ་མིན་པར་དོན་དུ་ཁོང་གི་དགོངས་པ་གསོན་པོར་གནས་ཐབས་སུ་དགོངས་པ་དེ་དག་ཉམས་ལེན་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག།
ཕྱི་ཚེས་༡༩་ཉིན་ཅེཀ་གྲོས་ཚོགས་ནང་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་དང་། ཉིན་རྒྱབ་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎