༧གོང་ས་མཆོག་དང་མཇལ་བར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཨ་རིའི་གཞུང་ཚབ་མཆོག་གིས།
2018.05.04

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨ་རིའི་གཞུང་ཚབ་ཆེན་མོ་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་དང་གཞུང་འབྲེལ་ཐོག་མཇལ་འཕྲད་ཞུས་གནང་འདུག
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ ཀེ་ནིཏ་ཇཱསྀ་ཊར་(Kenneth Juster) མཆོག་དང་གཞུང་ཚབ་པའི་ལས་བྱེད་ཁག་ཅིག་ཆེད་དུ་རྒྱ་གར་རྡ་རམ་ས་ལར་ཕེབས་ཏེ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༤ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གཞུང་འབྲེལ་ཐོག་ནས་མཇལ་འཕྲད་ཞུས་ཡོད་པ་དང་། མཇལ་འཕྲད་གྲུབ་རྗེས་གཞུང་ཚབ་ཆེན་མོ་སྐུ་ཞབས་ཀེ་ནིཏ་ཇཱསྀ་ཊར་མཆོག་གིས། ༧གོང་ས་མཆོག་དང་མཇལ་འཕྲད་དེ་ཧ་ཅང་ཡག་པོ་དང་སེམས་འགུལ་ཚད་མེད་ཐེབས་པ་ཞིག་བྱུང་ལ། བཀའ་མོལ་ཡིད་ཚིམས་པ་ཞིག་བྱུང་ཞེས་དང་། ངས་ཁོང་མ་འོངས་པར་ཨ་རིར་ཕེབས་ཐུབ་རྒྱུ་གལ་ཆེན་ཡིན་སྐོར་ཞུས་ཡོད་ཅེས་གསུངས་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་གཞུང་ཚབ་ཆེན་མོས་དགུང་གྲངས་ ༩༣ ཙམ་ལ་ཕེབས་པའི་ཁོང་གི་ཡུམ་ཉེ་ཆར་རྒྱ་གར་དུ་ཕེབས་པའི་སྐོར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་འདུག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ནི་སེམས་འགུལ་ཐེབས་པ་ཞིག་བྱུང་ཞེས་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གཞུང་ཚབ་ཆེན་མོར། ཨ་མི་རི་ཀའི་སྲིད་འཛིན་ རོསི་ཝེལཌ་ སྐབས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་ནས་ཨ་མི་རི་ཀ་དང་ཐུགས་བློ་ཉེ་པོ་ཡོད་པ་བཀའ་འདུག་ལ། ཨ་མི་རི་ཀའི་རྒྱལ་ཁབ་ཀྱིས་གུ་ཡངས་དང་རང་དབང་། མང་གཙོ་བཅས་གཞི་ལ་བཞག་པའི་རྩ་འཛིན་གྱི་ལྟ་གྲུབ་དེར་ཐུགས་མོས་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། ཨ་མི་རི་ཀ་ནི་རང་དབང་ཡུལ་གྲུའི་འགོ་ཁྲིད་ལྟ་བུ་ཡིན་སྟབས། ཁེར་རྐྱང་གི་སྲིད་ཇུས་བཟུང་རྒྱུ་མེད་པའི་དགོངས་ཚུལ་བཏོན་གནང་འདུག།
ཨ་རིའི་གཞུང་ཚབ་ཆེན་མོས་གསར་འགོད་པ་ཚོར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གནད་དོན་མང་དག་ཞིག་གི་ཐོག་བཀའ་མོལ་ཞུས་པ་ཡིན་ཞེས་དང་། ཁོང་གི་དགོངས་གཞི་གཙོ་བོ་སེམས་ཀྱི་ཞི་བདེ་བསྐྲུན་པའི་ཐོག་ནས་ཞི་བདེ་སྒྲུབ་ཐབས་དེར་ཁོང་དང་ཁོང་གི་སྐུ་ཚབ་ཚོགས་པའི་ཚོགས་མི་གཞན་ཚོ་ཡང་ཡིད་དབང་འཕྲོག་པ་དང་སེམས་འགུལ་ཐེབས་པ་ཞིག་བྱུང་ཞེས་གསུངས་ཤིང་། ཡང་གསར་འགོད་པས་ཁྱེད་ནས་ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཊམཔ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་དགོས་པའི་དགོངས་འཆར་འདོན་གནང་མིན་བཀའ་འདྲི་ཞུས་པར། འདི་ནི་སྐབས་དང་དུས་ལ་བལྟ་རྒྱུ་རེད་ཅེས་གསུངས་འདུག
ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༩ ཚེས་ ༤ ཉིན་སྲིད་འཛིན་བྷ་རཱཀ་ཨོ་བྷ་མའི་སྐབས་ཀྱི་རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ ཪི་ཆརཌ་ཝཱར་མ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད།
ཉེ་བའི་ཆར་ཨའོསྀ་ཊེ་ལི་ཡ་དང་ཨེསྀ་ཏོ་ནི་ཡ། སུཝེ་ཌན་བཅས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་ལ། ཡང་ཕྱི་ཟླ་ ༥ ཚེས་ ༣ ཉིན་རྒྱ་གར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སློབ་སྟོན་པ་ཟུར་པ་སྐུ་ཞབས་ (Shivskhankar Menon) མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཇལ་བཅར་ཞུས་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༥ ཚེས་ ༩ ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག
ཕྱི་ཟླ་ ༥ ཚེས་ ༤ ཉིན་ཨ་རིའི་གཞུང་ཚབ་ཆེན་མོ་དང་སྐུ་ཚབ་རྣམ་པ་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གྲུབ་རྗེས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་དུ་བོད་ཀྱི་འགྲེམས་སྟོན་ཁང་ལ་གཟིགས་སྐོར་ཕེབས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་འགྲེམས་སྟོན་ཁང་ནང་ཡོད་གི་པར་རིས་ཐོག་ནས་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ་དང་། འགན་འཛིན་སྐལ་ལྡན་བློ་གྲོས།