༧གོང་ས་མཆོག་གིས་རྒྱ་རིགས་ཆོས་ཞུ་བར་མཇལ་ཁ་དང་བཀའ་སློབ།
2014.07.08
རྒྱ་ནག་གི་རྨི་ལམ་མངོན་འགྱུར་ཡོང་བར་དང་ཐོག་འཛམ་གླིང་སྤྱི་ཡིས་རྒྱ་ནག་ལ་ཡིད་ཆེས་དང་གུས་བརྩི་ཐོབ་དགོས་པ་ནི་གལ་ཆེན་པོ་ཡིན་པ་གསུངས་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས༧ཉིན་ལ་དྭགས་སུ་དཔལ་དུས་ཀྱི་བཀའ་དབང་ཞུ་བར་བཅར་བའི་རྒྱ་རིགས་དད་ལྡན་པ་མི་གྲངས་༢༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་དང་། ༧གོང་ས་མཆོག་གིས། བོད་དང་རྒྱ་ནག་དབར་ལ་ལོ་ཆིག་སྟོང་གི་གོང་ནས་འབྲེལ་བ་ཡོད་པའི་ལོ་རྒྱུས་དང་། ལྷག་དོན་རྒྱ་ནག་ནི་ནང་ཆོས་སྔོན་ལ་དར་འཕེལ་བྱུང་བའི་ནང་པའི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་། ལོ་ཤས་གོང་ལ་པེ་ཅིང་གཙུག་ལག་སློབ་གྲྭས། རྒྱ་ནག་ནང་དུ་དེང་སྐབས་ནང་པ་ས་ཡ་༣༠༠ ཡོད་པའི་སྐོར་གནས་ཚུལ་བཏོན་པར་གཞིགས་ན། ད་བར་རྒྱ་ནག་གི་ནང་དུ་ནང་པའི་གྲངས་འབོར་ས་ཡ་༤༠༠ ནས་༥༠༠ བར་འཕེལ་རྒྱས་ཕྱིན་ཡོད་པ་སྔོན་དཔགས་གནང་གི་ཡོད པའི་སྐོར་སོགས་བཀའ་སློབ་སྩལ་ཡོད་ལ། ལྷག་དོན་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་Xi Jinping ཕེ་རན་སིར་འཚམས་འདྲིར་བསྐྱོད་པའི་སྐབས་ལ་ནང་ཆོས་ཧ་ཅང་གི་གལ་ཆེན་པོ་ཡིན་ལུགས་བརྗོད་འདུག་ལ། ནང་པའི་ངོས་ནས་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའི་དགོངས་དོན་ནང་བདེན་གཉིས་ཀྱི་རྣམ་བཞག་ཆ་ཚང་བ་སློབ་གཉེར་བྱ་རྒྱུ་གལ་ཆེན་ཞིང་། རང་རྒྱུད་ཀྱི་ཉོན་རྨོངས་ལ་གཉེན་པོ་བསྟེན་ནས་ཐར་པའི་གོ་འཕང་ཐོབ་དགོས་པ་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁག་ཅིག་གིས་༧གོང་ས་མཆོག་ལ་མཚན་དམས་ཇི་ཙམ་བྱས་ཀྱང་དེས་༧གོང་ས་མཆོག་ལ་གང་ཡང་གནོད་ཀྱི་མེད་ཅིང་། ༧གོང་ས་མཆོག་གི་ངོས་ནས་གཙོ་བོ་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ནང་ཆོས་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་ངོས་འཛིན་གནང་གི་ཡོད་པའི་སྐོར་དང་། ད་དུང་དེང་སྐབས་འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་རྣམས་མི་རིགས་འདྲ་མཉམ་མེད་པའི་གནས་སྟངས་ལས་བྱུང་བ་ཡིན་པ་དང་། མ་འོངས་དོན་དམ་པའི་མི་རིགས་འདྲ་མཉམ་ཞིག་བྱུང་བའི་སྐབས་དཀའ་ངལ་དེ་རིགས་སེལ་ཐུབ་རྒྱུ་ཡིན་ལ་རྒྱ་མི་རིགས་མི་འབོར་དུང་ཕྱུར་༡༣ ཡོད་པ་ཚོར་ཡང་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་ལྟར་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་པ་ཞིག་བྱུང་ན་གནས་ཚུལ་བདེན་རྫུན་ཇི་ཡིན་རྣམ་པར་འབྱེད་ཐུབ་རྒྱུ་ཡིན་ཞིང་། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དམ་དྲག་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་པར་བརྟེན་ནས། རྒྱ་ནག་མི་དམངས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་གོ་སྐབས་མེད་པར་གྱུར་ཡོད་པ་དང། དེ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་དང་གཞི་རིམ་མང་ཚོགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་མ་བྱས་པའི་བྱ་སྤྱོད་ཞིག་རེད། རྒྱ་ནག་ནི་དེང་སྐབས་སྟོབས་ཤུགས་ཆེ་རུ་འགྲོ་བ་དང་མཚུངས་འཛམ་གླིང་སྤྱི་ལ་ཕན་པའི་བྱ་བ་འགྲུབ་རྒྱུའི་གོ་སྐབས་ཡོད་པ་་དང། འོན་ཀྱང་དེ་ལྟར་མངོན་འགྱུར་ཡོང་བར་དང་ཐོག་འཛམ་གླིང་སྤྱི་ཡིས་རྒྱ་ནག་ལ་ཡིད་ཆེས་དང་གུས་བརྩི་ཐོབ་དགོས་པ་ནི་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་ཡོད་འདུག
གསར་འགོད་པ་ཉི་མ་གཡུ་སྒྲོན།