༸གོང་ས་མཆོག་གིས་ས་ག་ཟླ་བའི་ཚེས་ཤར་ལ་གསུང་འཕྲིན་སྩལ་བ།
བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས། འདི་ལོ་ས་ག་ཟླ་བའི་ཚེས་པ་གཅིག་གི་ཉི་མ་དང་སྐབས་བསྟུན་གསུང་འཕྲིན་ཞིག་ཕེབས་པའི་ནང་། “སངས་རྒྱས་ཐུགས་རྗེ་ཅན་རྒྱ་གར་དུ་བྱོན་ནས་ཆོས་འཁོར་བསྐོར་ཏེ་ད་ཆ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་འགྲོ་བཞིན་པ་ཡིན་ནའང་། ཁོང་གིས་གསུང་བའི་ཆོས་ཀྱི་སྙིང་པོ་ནི་དེ་སྔ་དང་འདྲ་བར་དེང་སང་གི་འཛམ་གླིང་དུའང་ཕན་ཐོགས་རྒྱ་ཆེ་འབྱུང་བཞིན་པ་སྟེ། དེང་རབས་ཀྱི་ཚན་རིག་གིས་ཕྱི་གཟུགས་ཅན་གྱི་ཆོས་དང་འབྲེལ་བའི་གོ་རྟོགས་ཡར་རྒྱས་གཏིང་ཟབ་ཕྱིན་པའི་དུས་འདིར། ནང་པའི་ཚན་རིག་གིས་ཀྱང་སེམས་དང་སེམས་བྱུང་གི་གནས་ཚུལ་སྣ་ཚོགས་ཏེ། ད་དུང་ཡང་དེང་རབས་ཚན་རིག་ལ་ལྟོས་ས་ལྟོས་འཇོག་གིས་བརྗོོད་བྱ་གསར་པ་ཡིན་པའི་རིགས་ཀྱི་ཐོག གང་ཟག་དང་པོའི་རྟོག་དཔྱོད་དང་ཉམས་མྱོང་ཞིབ་ཚགས་ཀྱི་ལམ་ནས་ཡར་རྒྱས་གཏོང་ཐབས་གནང་བཞིན་པར་བརྟེན། ཆོས་དང་ཚན་རིག་ཟུང་འབྲེལ་གནང་ཐུབ་ན། ང་ཚོའི་ལུས་སེམས་གཉིས་དང་སྤྱི་ཚོགས་བདེ་དོན་བཅས་ཡར་རྒྱས་ཀྱི་ཐབས་ལམ་གསར་པ་རྙེད་པའི་ནུས་པ་ཆེན་པོ་ལྡན་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད།
བོད་ཀྱི་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། ངོས་རང་ནཱལེནྡྲའི་ཆོས་རྒྱུད་འཛིན་མཁན་ཞིག་ཏུ་བརྩི་ཡི་ཡོད་པ་སྟེ། ནཱལེནྡྲའི་དགོན་ཆེན་དུ་ནང་ཆོས་ལ་ཐོས་བསམ་སློབ་གཉེར་གནང་སྟངས་དེས། རྒྱ་གར་ནང་སངས་རྒྱས་པའི་ཆོས་ཡར་རྒྱས་ཀྱི་རྩེ་མོར་སོན་པ་མཚོན་ཐུབ་ཀྱི་ཡོད་ཅིང་། རྒྱ་གར་དུ་ནཱལེནྡྲར་སློབ་ཕྲུག་མང་པོས་གནང་ལམ་ཇི་བཞིན་དུ། ང་ཚོའང་དུས་རབས་ཉེར་གཅིག་པའི་ནང་གི་ནང་བའི་རྗེས་འཇུག་ཅིག་ཡིན་ཕྱིན། དབང་བརྟུལ་དད་པའི་རྗེས་འབྲང་མི་བྱེད་པར། སངས་རྒྱས་པའི་ཆོས་ལ་སློབ་གཉེར་དང་ཉམས་ཞིབ་ཀྱི་ལམ་ནས་ཐོས་བསམ་སྒོམ་གསུམ་གནང་རྒྱུ་གལ་ཆེན་པོ་རེད།
ས་ག་ཟླ་བའི་དུས་ཆེན་འདིར་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་མངོན་པར་རྫོགས་པར་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ནང་པའི་ལི་ཐོའི་ནང་དུས་དྲན་གལ་འགངས་ཆེ་ཤོས་སུ་བརྩི་ཡི་ཡོད་པས། དུས་ཚེས་ཁྱད་པར་ཅན་འདི་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ནང་པའི་མཆེད་གྲོགས་ཕོ་མོ་ཚོར། ངོས་ནས་སེམས་བཟང་པོ་གནང་རྒྱུ་དང་བྱམས་བརྩེའི་སྒོ་ནས་མི་ཚེ་དོན་ལྡན་དུ་སྐྱེལ་བའི་ཐུགས་སྨོན་མཚམས་སྦྱོར་གནང་ཡོད་” ཅེས་བཀའ་སྩལ་ཡོད་པ་རེད།
ས་ག་ཟླ་བའི་ཚེས་ཁྱད་པར་ཅན་འདིའི་ནང་། རྒྱ་གར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་རྟེན་གཙོར་བཞུགས་ཏེ། མ་ཎིའི་རིལ་སྒྲུབ་དང་ཡར་དཀོན་མཆོག་གསུམ་ལ་མཆོད་འབུལ། མར་མེད་སློང་ཆད་གསུམ་ལ་སྦྱིན་གཏོང་གིས་མཚོན། དགེ་སྒྲུབ་སྡིག་སྤོང་གི་རྣམ་དཀར་གྱི་བྱ་བ་སྣ་ཚོགས་ཤིག་ཀྱང་ནམ་རྒྱུན་ལྟར་རྩོམ་བཞིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།