གྲོས་ཚོགས་འཐུས་མིའི་ལྷན་མཇལ་མོལ།
2013.06.17

༄༅༎ཕྱི་ཟླ་༦ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིའི་ནང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་པ་དང་།མཇལ་འཕྲད་གནང་སྐབས།༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།རྒྱ་ནག་ཁྱོན་ཡོངས་ཀྱི་གནས་སྟངས་ལ་འགྱུར་བ་མ་ཕྱིན་བར་བོད་ནང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུ་མིན་པ་དང༌། ཡུན་རིང་ལོ་རྒྱུས་ལྡན་པའི་རྒྱ་ནག་རྒྱལ་ཁབ་ལྟ་བུ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་ཚབ་ཏུ་རྒྱལ་སྤྱིའི་ཁོར་ཡུག་ནང་འཇུག་ཐབས་བྱེད་དགོས་པ་དང་དུས་མཚུངས།བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང།སྐད་ཡིག་ཁོར་ཡུག་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་བཀའ་གནང་སྟེ།ཁོང་རྣམས་ནས་ད་བར་བོད་དོན་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུང་གནང་མཛད་རྗེས ། སིཌ་ནིའི་ཚོགས་ཁང་ནང་མང་ཚོགས་ ༡༡༠༠༠ བརྒལ་བར་གསུང་ཆོས་མུ་མཐུད་སྩལ་གནང་མཛད་འདུག།
ཆོས་འབྲེལ་གྲུབ་པའི་རྗེས་སུ་༸གོང་ས་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ Tumbalongསྤྱི་གླིང་དུ་བོད་དོན་ཆེད་འདུ་འཛོམས་སར་ཆིབས་བསྒྱུར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༧༤ཙམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་སྡོད་བྱས་པ་ཡིན་ན་བོད་མི་ཚོ་ལའང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཁེ་ཕན་ཆེ་བ་ཐོབ་རྒྱུ་ཡིན་པ་མ་ཟད།རྒྱ་ནག་ལའང་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་མེད་པར་རྒྱ་བོད་མི་རིགས་གཉིས་ཀར་གཉིས་སྨན་གྱི་ཐབས་ལམ་ཞིག་ཕྱག་བསྟར་གནང་ཡོད་པ་དང༌།དེ་ལྟར་ཡོང་བར་རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་གསལ་བའི་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་དང་ལྡན་ཞིག་སྤྲོད་དགོས་སྐོར་བཀའ་སློབ་སྩལ་གནང་མཛད་འདུག།