༧གོང་ས་མཆོག་གིས་ཝེཏ་ནམ་གྱི་དད་ལྡན་པར་མཇལ་ཁ་གནང་བ།
2016.05.25
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཕྱི་ཚེས་༢༥་ཉིན་བཞུགས་སྒར་ཕོ་བྲང་དུ་ཝེཏ་ནམ་ནས་ཆེད་བཅར་ཞུས་པའི་དད་ལྡན་པ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་པ་མ་ཟད། ཁོང་རྣམ་པའི་བཅར་འདྲི་དང་ལེན་མཛད་འདུག།
དེ་ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན། ཐོག་མར་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་བཅར་ཞུས་པའི་ཝེཏ་ནམ་དད་ལྡན་པ་རྣམས་ལ་བཀའ་སྩལ་དོན། ༧མགོན་པོ་གང་ཉིད་དང་ཝེཏ་ནམ་གྱི་དད་ལྡན་པ་རྣམས་མཇལ་འཕྲད་ཐེངས་མ་འགའ་ཤས་བྱུང་སྟབས། ད་ཆ་༧མགོན་པོ་གང་ཉིད་ཝེཏ་ནམ་མི་མང་ཚོའི་བརྩེ་བའི་གྲོགས་པོ་ཞིག་ཡིན་པར་ངོས་འཛིན་མཛད་ཀྱི་ཡོད་པ་དང་། ཐུགས་ཚོར་དེ་ལ་གཞིགས་ནས་ཝེཏ་ནམ་དད་ལྡན་པ་རྣམས་ལ་དགའ་བསུ་ཞུ་ཡི་ཡོད་ལ་༧གོང་ས་མཆོག་ཝེཏ་ནམ་མི་མང་གི་མཛའ་གྲོགས་ཤིག་ཡིན་པའི་ཆ་ནས་ཝེཏ་ནམ་ལ་ཐུགས་མཉེས་པོ་ཡོད། ཡིན་ན་ཡང་ཝེཏ་ནམ་གྱི་སྐད་དེ་སྦྱང་ཐུབ་རྒྱུ་མིན་སྐོར་བཞད་ཤོབས་དང་སྦྲགས་བཀའ་གནང་འདུག།
ད་དུང་༧གོང་ས་མཆོག་གིས་ཝེཏ་ནམ་མི་མང་ཚོ་བློ་ཐག་ཆོད་པོ་ཡོད་པར་བསྔགས་བརྗོད་མཛད་པ་དང་། ཝེཏ་ནམ་མི་མང་གིས་ནང་ཆོས་གཙོས་པའི་རང་གི་ཆོས་དང་རིག་གཞུང་ལ་དགའ་སྤྲོ་ཆེན་པོའི་སྒོ་ནས་བདག་གཅེས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། ཝེཏ་ནམ་གྱི་སྤྱི་ཚོགས་ས་གནས་དང་ཡུལ་གྲུ་གང་དུ་ཡོད་ན་ཡང་ནང་པའི་དགོན་པ་སོགས་གསར་བཞེངས་ཞུས་ནས་ཝེཏ་ནམ་གྱི་རིག་གཞུང་ཤུལ་ལུས་ཁག་མི་ཉམས་བརྒྱུད་འཛིན་ཞུ་བཞིན་པར་བསྡགས་བརྗོད་མཛད་འདུག་ལ་དེ་རྗེས་དད་ལྡན་པ་རྣམས་ཀྱིས་བཅའ་འདྲི་དང་ལེན་མཛད་པ་དང་། ཕྱི་ཚེས་༢༦་ཉིན་ལ་ཡང་ཝེཏ་ནམ་དད་ལྡན་པ་ཁག་ལ་མཇལ་ཁ་མུ་མཐུད་སྩལ་འཆར་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།