༸གོང་ས་མཆོག་གིས་འཛམ་གླིང་གི་ཚོང་གཉེར་ཕྱུག་བདག་༩༠ལྷག་ལ་མཇལ་ཁ་དང་བྱམས་སྙིང་རྗེ་གལ་ཆེན་ཡིན་པའི་སྐོར་བཀའ་སྩལ་བ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། འཛམ་གླིང་ཡོངས་ནས་ཚོང་ལས་གཉེར་མཁན་(Young Presidents' Organization)ཞེས་པའི་ཚོགས་མི་ཡིན་པ་ཕྱུག་བདག་༩༠ལྷག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་བའི་སྐོར་ལ་ཟི་ལིང་སྟོང་འཁོར་རིན་པོ་ཆེ་མཆོག་ནས། ༸གོང་ས་མཆོག་གི་བཀའ་སློབ་གཙོ་བོ་བྱམས་སྙིང་རྗེ་ཡི་གལ་ཆེན་སྐོར་དང་། དེ་བཞིན་གོ་ལའི་ཚ་དྲོད་རྐྱེན་འཛམ་གླིང་ལ་དཀའ་ངལ་བྱུང་བཞིན་པའི་གནད་དོན་དང་། གཞན་ཡང་ཚོང་ལས་གཉེར་སྐབས་སེམས་ཁམས་གུ་དོགས་པོ་བྱ་རྒྱུ་མེད་པར་གཞན་ལ་ཕན་སེམས་མཉམ་དུ་ཚོང་ལས་གཉེར་དགོས་པའི་བཀའ་སློབ་སྩལ་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་མཇལ་ཁ་ལ་བཅར་མཁན་མང་ཆེ་བ་ཚོང་གཉེར་མགོ་ཁྲིད་རྐྱང་ཡིན་པ་དང་། སྟོང་འཁོར་རིན་པོ་ཆེ་མཆོག་ནས་ཁོང་ཚོ་མང་ཆེ་ཤོས་ཀྱིས་ཨ་སྒོར་ས་ཡ་༢༠ཡན་གྱི་ཚོང་ལས་གཉེར་མཁན་རྐྱང་ཡིན་པ་དང་། མཉམ་དུ་འཛམ་གླིང་ཡོངས་སུ་ཁོར་ཡུག་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་ཚོགས་སྒེར་གཉིས་ནས་ལས་ཀ་བྱེད་བཞིན་ཡོད་སྟབས། དེ་རིང་མཇལ་ཁ་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་༸གོང་ས་མཆོག་གི་སྐུ་མདུན་ནས་འཛམ་གླིང་ཡར་རྒྱས་སུ་ག་འདྲ་གཏོང་དགོས་པ་དང་། ཚོང་ལས་གཉེར་སྐབས་འགྲོ་བ་མིའི་བཟང་སྤྱོད་མ་ཉམས་པ་ག་འདྲ་དགོས་པ་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་ཞུ་ཆེད་ཡིན་པ་སོགས་འགྲེལ་བརྗོད་གནང་བྱུང་།
ཚོགས་པ་དེའི་དྲ་རྒྱའི་ནང་གསལ་བ་ལྟར་ན། ཚོགས་པ་དེ་བཞིན་ཕྱི་ལོ་༡༩༥༠ལོ་ནས་མགོ་ཚུགས་ཤིང་། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་༡༥༠ལྷག་གི་ནང་དུ་ཚོགས་མི་གྲངས་༣༤༠༠༠ཡོད་སྐོར་བཀོད་འདུག་ལ། ཚོགས་པ་དེའི་ཚོགས་མི་ཡིན་པ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷང་ལོར་ནང་གནས་སྡོད་མཁན། བོད་རིགས་བུད་མེད་བདེ་སྐྱིད་གཡང་མཚོ་ལགས་ནས་ཐེངས་འདིར་མཇལ་ཁ་ཞུ་མཁན་ཚང་མ་འཛམ་གླིང་ཡོངས་སུ་ཚོང་ལས་ཆེན་པོ་གཉེར་མཁན་རྐྱང་ཡིན་སྟབས། ཚོང་ལས་གཅིག་པུ་ཙམ་མ་ཡིན་པར་མཉམ་དུ་འགྲོ་བ་མིའི་བཟང་སྤྱོད་དང་སེམས་ཁམས་ཞི་བདེ་སོགས་དགོས་གལ་ཆེན་པོ་ཆགས་ཡོད་པས། ༸གོང་ས་མཆོག་ལ་མཇལ་ཁ་ཞུ་རུ་བཅར་བ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
(YPO)ཞེས་པའི་ཚོགས་པ་དེ་རྟེན་གཞི་བྱེད་ས་གཙོ་བོ་ཨ་རིའི་(Texas)མངའ་སྡེའི་ནང་ཡོད་པ་དང་། འཛམ་གླིང་ཡོངས་སུ་ཚོགས་པ་དེའི་ཚོགས་མི་ཚོས་ཆེད་གཉེར་གནང་བཞིན་པའི་ཚོང་ལས་བཟོ་གྲྭ་ཁང་ཁག་ཏུ་ལས་མི་ས་ཡ་༢༢ལྷག་ཡོད་འདུག་ལ། ཚོགས་པ་དེའི་ཚོགས་མི་ཚོས་ཚོང་ལས་གཅིག་པུ་ཙམ་མ་ཡིན་པར་འཛམ་གླིང་ཡོངས་སུ་གོ་ལའི་ཚ་རྐྱེན་གྱིས་ཁོར་ཡུག་གནོད་སྐྱོན་དང་། འགྲོ་བ་མིའི་ཐོབ་ཐང་དང་དབུལ་ཕོངས་རོགས་སྐྱོར་སོགས་ཀྱི་ལས་དོན་ཀྱང་གཉེར་བཞིན་ཡོད་པ་དང་། ཁོང་རྣམས་བཞུགས་སྒར་དུ་ཕྱོགས་ཕེབས་དང་འབྲེལ་ཕྱི་ཚེས་ ༧ ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།