༸གོང་ས་མཆོག་གིས། ལྷ་ས་ཁ་ཆེ་ཚོས་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སེམས་ལ་བཅངས་ནས་ཡོད་པ་དེར་དགའ་ཚོར་ཡོད་ཅེས་བཀའ་སྩལ་བ།

2023.08.01
༸གོང་ས་མཆོག་གིས། ལྷ་ས་ཁ་ཆེ་ཚོས་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སེམས་ལ་བཅངས་ནས་ཡོད་པ་དེར་དགའ་ཚོར་ཡོད་ཅེས་བཀའ་སྩལ་བ། ཕྱི་ལོ་༢༠༢༣ཟླ་བ་༨ཚེས་༡ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་དུ་ལྷ་སའི་ཁ་ཆེ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ།
OHHDL

ཕྱི་ལོ་༢༠༢༣ཟླ་བ་༨ཚེས་༡ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་དུ་ལྷ་སའི་ཁ་ཆེ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་སྐབས། ལྷ་ས་ཁ་ཆེ་ཚོ་དང་ང་ཚོ་ལོ་ངོ་མང་པོའི་རིང་དཔེ་འཆམ་པོ་བྱས་ཏེ་བསྡད་པ་དང་། ལྷ་སར་སྡོད་སྐབས་ཁ་ཆེ་ཚོ་གཞུང་འབྲེལ་གྱི་མཛད་སྒོ་ག་རེ་ཡོད་ཀྱང་མཉམ་ཞུགས་གནང་གི་ཡོད་པ་དང་། ལྷ་ས་ཁ་ཆེ་ཁྱེད་ཚོར་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་བོ་བྱུང་ལ། རྣམས་པ་ཚོར་དམིགས་བསལ་འཚམས་འདྲི་ཡོད་ཅེས་གསུངས་གནང་སོང་།

ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གལ་ཆེ་ཤོས་ཤིག་ངོས་ནས་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་པོ་བྱས་ཏེ། དོན་དམ་པའི་འཛམ་གླིང་ཞི་བདེ་སྐྲུན་ཐབས་དང་། ངོས་ནས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་ལ།ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་བྱུང་གི་ཡོད་པས། ང་ཚོ་ཆོས་པ་ཚོ་ཚང་མས་འཛམ་གླིང་ཞི་བདེ་ཡོང་བར་ཕན་ཚུན་འཆམ་མཐུན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་གནང་སོང་།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད། ལྷ་ས་ཁ་ཆེ་ཚོར་ཆེད་དུ་ང་ཚོས་ངོས་ནས་བོད་རང་བཙན་བཤད་ཀྱི་མེད་པ་དང་། བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཞིག་དགོས་ཀྱི་འདུག་ཅེས་བཤད་བཞིན་ཡོད་པ་རེད་ལ། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས་རང་སྐྱོང་མིང་དོན་མཚུངས་པ་ཞིག་དང་། རང་སྐྱོང་དེ་ཡང་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་གཅིག་གྱུར་གྱི་རང་སྐྱོང་ཡག་པོ་ཞིག་བྱུང་ན་ཞེས་འབད་བརྩོན་བྱེད་ཀྱི་ཡོད་པ་གསུངས་གནང་སོང་།

མཇུག་ཏུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ལ་མཚོན་ན། ཆོས་དད་ཡོད་མེད་གཉིས་ནས་བོད་ཀྱི་སྐད་དང་རིག་གཞུང་མི་རིགས་ཀྱི་ལ་རྒྱ་སོགས་སེམས་ཤུགས་ཆེན་པོ་ཡིན་པ་དང་། ངོས་ནས་འདིར་བོད་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་གཞི་ལ་བཞག་ནས་བོད་ལ་རང་སྐྱོང་མང་དོན་མཚུངས་པ་ཞིག་ལ་འབད་བརྩོན་གནང་གི་ཡོད་པ་དང་། ལྷ་ས་ཁ་ཆེ་ཚོས་ཀྱང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སེམས་བཅངས་ནས་ཡོད་པ་དེར་དགའ་ཚོར་ཡོད་ལ་དཀའ་དྲིན་ཆེ་ཞེས་གསུངས་གནང་སོང་།

_SA10189.JPG

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ནམ་རྒྱུད་ལྷ་ས་ཁ་ཆེ་ཚོར་ཐུགས་མཉེས་བོ་གནང་གི་ཡོད་པ་བཞིན། ཉེ་སྔོན་ཟླ་བ་༧ཚེས་༡༤ཉིན་༸གོང་ས་མཆོག་ནས་ལ་དྭགས་གླེའི་ཇོ་བོའི་གཙུག་ལག་ཁང་དུ་གནས་གཟིགས་ཆིབས་སྒྱུར་དང་འབྲེལ། ལྷ་ས་ཁ་ཆེ་ཚོགས་ཆུང་ཞིག་ལ་མཇལ་ཁ་དང་འབྲེལ་ངོས་ལ་བོད་ནས་བཟུང་ཁ་ཆེ་གྲོགས་པོ་མང་པོ་ཡོད་པ་སོགས་ཀྱི་བཀའ་སློབ་སྩལ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎