༧གོང་ས་མཆོག་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པར་མཇལ་བ།
2014.11.26

༧གོང་ས་མཆོག་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་དང་ནང་སྲིད་ཟུང་དྲུང་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་Kiran Rijiju
དང་། ནང་སྲིད་ཟུང་དྲུང་སྐུ་ཞབས་K.K. Pathakརྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། ད་ཐེངས་༧གོང་ས་མཆོག་གིས་རྒྱ་གར་ནང་སྲིད་ལྷན་ཁང་གི་དཔོན་རིགས་ཀྱི་མཇལ་འཕྲད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་མཇལ་འཕྲད་གནང་བ་ཞིག་དང་མཇལ་འཕྲད་དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་Taj Mansigh Hotelཞེས་པའི་གསོལ་མགྲོན་ཁང་དེར་གནང་ཡོད་པ་རེད། ཕྱི་ཚེས་༢༤ཉིན་གྱི་༧གོང་ས་མཆོག་གི་མཇལ་འཕྲད་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་ཀྱང་ལྷན་བཅར་ཞུས་ཡོད་པ་རེད། ༧གོང་ས་མཆོག་གིས་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་དཔོན་རིགས་རྣམ་པར་ཉེ་ཆར་རྒྱ་གར་གཞུང་ཕྱོགས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་༢༠༡༤ ལོའི་Tibetan Rehabilitation Policyཞེས་པ་དེ་གཏན་འབེབས་གནང་ཐུབ་བྱུང་བ་དེར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག དེ་བཞིན་ཉེ་ལམ་རྒྱ་གར་ནང་སྲིད་ལྷན་ཁང་གི་ཟུང་དྲུང་ K.K. Pathakདང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་འབྲེལ་ཡོད་ལས་བྱེད་པ་ཁག་གཅིག་བཅས་རྒྱ་གར་བྱང་ཕྱོགས་ལ་དྭགས་བྱང་ཐང་ས་ཁུལ་བོད་མི་གནས་ཡུལ་ས་གནས་ཁག་བརྒྱད་ནང་བསྐྱོད་ནས་ཁོང་ཚོའི་དཀའ་ངལ་དང་དེ་དག་སེལ་ཐབས་ཆེད་ཐབས་ལམ་ཇི་ཡོད་སྐོར་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས་པར་མགོན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་གསན་བཞེས་མཛད་དེ་ལས་དོན་དེར་བསྔགས་བརྗོད་ཆེན་པོ་མཛད་ཡོད་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།