༧གོང་ས་མཆོག་ལ་སློབ་དཔོན་སོན་དྷིའི་རྗེས་དྲན་གྱི་གཟེངས་རྟགས།
2017.04.27

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་སློབ་དཔོན་དམ་པ་སོན་དྷིའི་རྗེས་དྲན་ཆེ་བསྟོད་ཀྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གཟེངས་རྟགས་འབུལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་སྤྱི་ཚེས་༢༧་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་སློབ་དཔོན་དམ་པ་ཨེམ་ཨེལ་སོན་དྷིའི་རྗེས་དྲན་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་དང་བྱམས་བརྩེ། འཇིག་རྟེན་ཀུན་ཁྱབ་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་ཡོད་པ་དང་། ད་ལོའི་སློབ་དཔོན་སོན་དྷིའི་རྗེས་དྲན་ཆེ་བསྟོད་ཀྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གཟེངས་རྟགས་དེ་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད་པ་རེད།
སློབ་དཔོན་དམ་པ་སོན་དྷི་མཆོག་གི་སྐུ་ཟླ་(Madhuri Santanam)་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་བོད་ཀྱི་གནད་དོན་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པ་དང་། རྒྱ་གར་གྱི་སྲིད་བློན་ནེ་རུ་ལ་སོགས་མཇལ་འཕྲད་གནང་ནས་བོད་ཀྱི་སློབ་གྲྭ་ཁག་གསར་འཛུགས་གནང་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།
དེ་བཞིན་དུ་སློབ་དཔོན་དམ་པ་(Manohar Lal Sondhi)་སོན་དྷི་མཆོག་གི་ལྟ་གྲུབ་རྗེས་དྲན་གྱི་ཕྱིར་དུ་ཆེ་བསྟོད་གཟེངས་རྟགས་འདི་ནི་སྤྱི་ལོ་༢༠༠༦་ལོ་ནས་འགོ་བརྩམས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གཞུང་ལུགས་དང་ལག་ལེན། རྒྱ་གར་དང་འབྲེལ་བའི་སྒོ་ནས་ཁྱད་དུ་འཕགས་པའི་ཕྱག་ལས་གནང་མཁན་ཁག་ལ་ལོ་རེར་འབུལ་སྲོལ་ཡོད་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་འབྲེལ་ཏེ་འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་ཐོག་ཏུ་བླ་ན་མེད་པའི་མཛད་འཕྲིན་སྣ་མང་ཞིག་བསྐྱངས་ཡོད་པར་ངོས་འཛིན་ཆེ་བསྟོད་གནང་སྟེ་གཟེངས་རྟགས་འདི་ཕུལ་བ་ཡིན་པ་གསུངས་ཡོད་པ་རེད
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་དང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡང་གཅིག་པ་རེད། མིའི་བདེ་སྐྱིད་དངོས་གནས་དེ་སེམས་ཀྱི་ཞི་བདེ་ཡིན་པས། ཆོས་ལུགས་ཁས་ལེན་མིན་ལ་མ་ལྟོས་པར་བྱམས་པ་དང་བརྩེ་བ་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ་གཅིག་འགྱུར་ཡིན་པ་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་༢༦ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངག་མཆོག་དང་། སྲིད་བློན་སྐུ་གཞོན་ལཱལ་ཀིརཤ་ན་ཨརྡ་ཝ་ནི་སོ་སོར་མཇལ་འཕྲད་གནང་འདུག
ཡང་མང་ཚོགས་ཀྱིས་བཀའ་འདྲི་དགོངས་བསྐོར་ཞུས་པའི་བཀའ་ལན་ཞིག་གི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གི་གཞུང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་མ་འགྲིག་པའི་རྐྱེན་གྱིས་བོད་ནང་ལ་དཀའ་ངལ་རིམ་པ་ཞིག་འཕྲད་བཞིན་པ་ཡོད་པ་ལས་རྒྱ་ནག་མི་མང་ལ་ཡིད་ཆེས་གནང་གི་ཡོད་པ་བཀའ་གནང་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྒྱ་མཚོ།