༧གོང་ས་མཆོག་གིས་ངོས་རང་གཟུཊ་པོ་བདེ་ཐག་ཆོད་ཡོད་པས་བློ་བདེ་བོ་བྱོས་གསུངས་འདུག
2019.08.20
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ངོས་རང་ལོ་བརྒྱ་དང་བཅུ་གཅིག་ཙམ་སྡོད་རྒྱུའི་སེམས་ཤུགས་སྒྲིལ་ནས་ཡོད་པ་བཀའ་སྩལ་འདུག
དེ་ཡང་སྤྱི་ཚེས་༡༩ཉིན། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་མ་ནཱ་ལི་འོན་མང་མངའ་རིས་གྲྭ་ཚང་དུ་ཆོས་འབྲེལ་སྐྱོང་བཞིན་པའི་སྐབས་སྐབས། ཨ་རིའི་མི་ནི་སོ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་དམིགས་བསལ་མཇལ་ཁར་བཅར་ཏེ། སྐུའི་འཕྲོད་བཞེས་རྟག་དཔྱད་མཇུག་སྐྱོང་ཆེད་ཨ་རིའི་མེ་ནིས་སོ་ཌའི་མཱ་ཡོ་སྨན་ཁང་དུ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས། ང་ཚོ་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ང་ཚོ་སྔོན་མ་ནས་ངོ་ཤེས་པ་རེད། ཁྱེད་རང་ཚོས་ཡིག་ངག་གཉིས་ཐོག་ནས་ཞུས་བ་རེད། གང་ལྟར་ཁྱེད་རང་ཚོས་ངའི་འཕྲོད་བསྟེན་གྱི་ཐོག་ལ་དམིགས་བསལ་གྱི་དོ་སྣང་བྱས་པ་དེར་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ངོས་རང་ཨ་མེ་རི་ཁར་ཡོད་པའི་མཱ་ཡོ་སྨན་ཁང་ལ་སྔོན་མ་ནས་འཆར་ཅན་འགྲོ་ཡི་ཡོད་པ་རེད། ཡིན་ན་ཡང་། བར་སྐབས་ནས་ཡོ་རོབ་དང་ཨ་མི་རི་ཁར་འགྲོ་རྒྱུ་དང་། ལྷག་པར་དུ་ཨ་མེ་རི་ཁར་འགྲོ་རྒྱུ་དེ་ཐག་རིང་པོ་ཞེ་པོ་ཞིག་ཆགས་རྗེས། ཕ་གིར་འགྲོ་རྒྱུར་ཅུང་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་ནམ་རྒྱུན་འཆར་ཅན་བྱས་ཏེ་རྒྱ་གར་གཞུང་གི་ལྡི་ལིའི་སྨན་ཁང་དེས་དོ་སྣང་དམིགས་བསལ་བྱེད་ཀྱི་འདུག རྒྱུ་མཚན་གཅིག་དེ་ཡང་ཏོག་ཙམ་ཛ་དྲག་ལྟ་བུ་ན་བ་ཡིན་ན་ས་ཨ་མི་རི་ཀ་བར་དུ་འགྲོ་རྒྱུ་ཁག་པོ་རེད། དེར་བརྟེན་ལྡི་ལི་སྟབས་བདེ་པོ་ཡོད་རེད། ཡང་དགོས་གལ་བྱུང་ན་སྔོན་མ་ནས་ངོ་ཤེས་ཡིན་པའི་མཱ་ཡོ་ཡི་སྨན་པ་འགའ་ཤས་གདན་འདྲེན་ཞུ་ཐུབ་ཀྱི་རེད། ད་ལྟ་རྒྱ་གར་ལྡི་ལི་སྨན་ཁང་དུ་བརྟག་དཔྱད་གང་དགོས་མཐུན་རྐྱེན་ཆ་ཚང་ཡོད་པ་དང་། ད་ལྟ་དགུང་གྲངས་༨༤་ཡིན་ཡང་། སྐུ་གཟུགས་ཧ་ཅང་བདེ་བོ་ཡིན་པས། སྐུའི་འཕྲོད་བསྟེན་བདེ་ཐང་དང་རྨི་ལམ་སོགས་གང་ཐད་ནས་བརྟག་ཀྱང་ལོ་བརྒྱ་དང་བཅུ་སྐོར་བསྡད་རྒྱུར་ཐེ་ཚོམ་མེད། དེར་བརྟེན་ཁྱེད་ཚོ་ཚང་མ་བློ་བདེ་པོ་བྱོས། ངོས་རང་ལོ་བརྒྱ་དང་བཅུ་གཅིག་བར་སྡོད་རྒྱུར་སེམས་ཤུགས་སྒྲིལ་ནས་ཡོད་ཅེས་བཀའ་སྩལ་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས། བོད་རྒྱ་ཆེ་མི་མང་གིས་ང་ནམ་ཡང་བརྗེད་ཀྱི་ཡོད་པ་མ་རེད་ལ། ངའི་ངོས་ནས་ཡིན་ན་ཡང་ནམ་ཡང་བརྗེད་ཀྱི་མ་རེད། ཁྱེད་རང་ཚོ་བོད་མི་ས་ཁུལ་གང་དུ་ཡོད་ནའང་ཚང་མས་བོད་གངས་ཅན་པ་ཡིན་བསམ་པའི་ལ་རྒྱ་དང་། ཞེན་ཁོག དད་པ། དམ་ཚིག་གཡོ་བ་མེད་པ་བྱས་ཏེ་སྡོད་ཀྱི་ཡོད་པ་རེད། ཐུགས་རྗེ་ཆེ་ཅེས་བཀའ་སྩལ་འདུག