བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གནང་ན། བླ་མ་ལ་སྒྲུབ་པའི་མཆོད་པ་ཡག་ཤོས་དེ་རེད་ཅེས། ༸གོང་ས་མཆོག་གིས།

2024.06.11
བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གནང་ན། བླ་མ་ལ་སྒྲུབ་པའི་མཆོད་པ་ཡག་ཤོས་དེ་རེད་ཅེས། ༸གོང་ས་མཆོག་གིས། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༤།༠༦།༡༡
RFA/Tenzin Lekmon

བཞུགས་སྒར་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཀྱི་སྒོ་ནས་སྤྱི་ཟླ་ ༦ པའི་ཚེས་ ༡༡ ཉིན། སྐུ་སྲུང་ཟུར་པ་རྣམས་དང་སྨན་རྩིས་ཁང་གི་འགོ་ལས་རྣམ་པ། གཞུང་ཞབས་ལས་བྱེད་ཟུུར་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཅིག་གནང་ཡོད་ཅིང་། སྐབས་དེར་མགོན་པོ་མཆོག་ནས་བརྟན་བཞུགས་ཕུལ་བ་ནི་དངུལ་དངོས་ཀྱི་སྐད་ཆ་མིན་པར། སོ་སོ་མི་རེ་ངོ་རེས་ཉི་མ་རེ་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་ཡག་པོ་གནང་ཐུབ་ན། བླ་མ་དགྱེས་པ་དང་སྒྲུབ་པའི་མཆོད་པ་ཡག་ཤོས་དེ་ཡིན་པ་བཀའ་གནང་གི་འདུག

གཞན་ཡང་མགོན་པོ་གང་ཉིད་ལ་མཚན་ལམ་གྱི་རྣམ་པར་དཔལ་ལྡན་ལྷ་མོས་དགུང་ལོ་བརྒྱ་དང་བཅུ་ལ་བཞུགས་རྒྱུའི་ལུང་བསྟན་ཧ་ཅང་གསལ་བོ་ཞིག་བྱུང་བ་དང་། རིགས་པའི་རྒྱུ་མཚན་བཀོད་ནའང་ད་ལྟ་བོད་མི་རྣམས་དཀའ་ངལ་ཆེན་པོར་འཕྲད་བསྡད་པའི་གནས་སྐབས་སུ། ལས་དང་སྨོན་ལམ་གྱི་དབང་གིས་བོད་མི་མང་པོས་ངོས་ལ་དགའ་མོས་དང་། ལུང་རྟོགས་ཀྱི་བསྟན་པ་ལའང་ཕན་ཐོགས་འབྱུང་གི་ཡོད་པས་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་ངེས་རེད་ཅེས་བཀའ་གནང་གི་འདུག

འཛམ་གླིང་ཤར་ནུབ་སྤྱི་དང་བོད་དབང་སྒྱུར་བྱེད་མཁན་རྒྱ་ནག་ཏུའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན། ང་ཚོས་ཅི་ཐུབ་གང་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་བཏང་ན། སོ་སོ་སྒེར་དང་བོད་སྤྱི་པའི་དོན་དུའང་ཕན་ཐོགས་འབྱུང་གི་རེད་ཅེས་ལམ་སྟོན་གནང་གི་འདུག

བརྟན་བཞུགས་ཕུལ་མཁན་གྱི་ནང་གཞུང་ཞབས་བགྲེས་པ་དང་ལྷག་པར་བོད་ནང་ནས་བཟུང་སྐུ་སྲུང་གནང་མཁན་གྱི་སྐུ་སྲུང་བགྲེས་པའང་མང་པོ་ཞིག་ཆེད་དུ་བཅར་ཡོད་པས། སྐུ་སྲུང་ཟུར་པ་ཐུབ་བསྟན་ཆོས་འཕེལ་ལགས་ནས་ཁོ་ཚོ་བོད་ནས་སྐུ་སྲུང་དུ་བཅར་མི་སྐོར་ཅིག་རྒྱ་གར་དང་བོད་ཀྱི་ས་མཚམས་སོགས་ནས་སྐུ་ཕྱྭ་སྲུང་སྐྱོབ་ཆེད། རྒྱ་ནག་བཅིངས་གྲོལ་དམག་དང་འཐབ་འཛིང་གིས་སྐུ་སྲོག་ཤོར་ཡོད་པར་བརྟེན། སྐུ་སྲུང་འདས་གསོན་མང་པོ་ཞིག་གི་ངོ་ཚབ་ལྟ་བུས་བརྟན་བཞུགས་ཕུལ་བ་སོགས་ཀྱིས། སེམས་ནང་དགའ་སྐྱོའི་ཚོར་བ་ཤུགས་ཆེ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

བརྟན་བཞུགས་འདི་ལ་ལྷོ་བྱང་ཨ་མི་རི་ཀ་དང་ཡོ་རོབ། ཨོ་སི་ཁྲི་ར་ལི་ཡ་དང་རྒྱ་གར་སོགས་ནས། གཞུང་ཞབས་ཟུར་པ་ནང་མི་དང་བཅས་པ་བརྒྱད་བརྒྱ་ལྷག་དང་སྨན་རྩིས་ཁང་གི་འགོ་ལས་ལྔ་བརྒྱ་ལྷག སྐུ་སྲུང་ཟུར་པ་སུམ་བརྒྱ་ལྷག་བཅས་བཞུགས་སྒར་ལ་ཆེད་དུ་བཅར་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་པདྨ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎