བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་གིས་ཆོལ་གསུམ་གཅིག་ཏུ་སྒྲིལ་ཡོད། ༧གོང་ས་མཆོག་གིས།


2019.02.27
༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༩།༢།༢༧ ༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༩།༢།༢༧
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་ཀྱི་ཆོས་དང་། རིག་གཞུང་སྐད་ཡིག་གིས་བོད་ཆོལ་གསུམ་གོང་བུ་གཅིག་ཏུ་སྒྲིལ་ཡོད་པ་བརྟན་བཞུགས་སྐབས་གསུང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག རྒྱལ་རོང་གཞིས་བྱེས་མི་དམངས་ཐུན་མོང་། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་གྱི་སྨན་ཁང་བཅས་ཐུན་མོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞིག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་མཎདྲལ་འདེགས་འབུལ་གྱིས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ཟླ་༢པའི་ཚེས་༢༧ཉིན་གནང་སོང་།
སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་བོད་སིལ་བུར་ཐོར་ནས་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་ཐབས་སྐྱོ་བོ་བྱུང་ཡོད་ནའང་། ཆོལ་གསུམ་བོད་མི་ཡོངས་རྫོགས་གོང་བུ་གཅིག་གྱུར་གྱིས་བསྡད་ཐུབ་པ་དེ། གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་བྱས་འདུག་པ་དང་། བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་སྒྲ་གདངས་ཕྲན་བུ་མི་འདྲ་བ་ཡིན་པ་མ་གཏོགས། གཞན་གང་ལྟར་ཡི་གེ་དེ་བོད་ཡོངས་རྫོགས་ལ་གཅིག་གྱུར་རེད་ཅེས་དང་། ད་དུང་དེང་སང་གི་འཛམ་གླིང་འདིར་བོད་ཀྱི་རིག་གཞུང་ནི་ཤེས་མཁན་ཚོས་དོ་སྣང་ཡོང་གཞི་ཆགས་ཡོད་པས། བོད་མིའི་སེམས་ཤུགས་དང་བོད་གཅིག་སྒྲིལ་ཡོང་བའི་ཆ་རྐྱེན་གཙོ་བོ་ནི། བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་དང་།  དེའི་ནང་གི་བརྗོད་བྱ་ཁག་རྣམས། མདོ་དབུས་གཙང་སྟོད་ཚང་མ་ལ་ཡི་གེ་དེས་ཁྱབ་བསྡད་པ་དང་། དེའི་ཐོག་ནས་གཅིག་སྒྲིལ་ཅིག་ཡོང་བསྡད་པ་དང་། དེ་འབྲེལ་གྱི་ཐོག་ནས་སེམས་ཤུགས་ཤིག་བསླེབས་བསྡད་ཡོད་ཅེས་བཀའ་སློབ་སྩལ་སོང་།
གཞན་ཡང་༧གོང་ས་མཆོག་ནས། ང་ཚོ་བོད་པའི་ཕྲུ་གུ་ཚོ་ནི་ང་ཚོ་ཕ་མེས་ནས་ནང་པའི་ཆོས་དང་། དེའི་ནང་ཚན་ནས་ནཱལེན་དྲའི་ཆོས་རྒྱུད་ཆགས་ཡོད་ཅིང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆོས་མེད་པ་དང་། ཡང་ནང་པའི་གཞུང་གི་སེམས་ཁམས་རིག་པ་ཚད་མ་རིག་པ་དེ་གྲས། ནང་པ་མིན་པ་ཚོར་ང་ཚོས་ཕར་བསླབ་དུས་ཙ་ན། ནང་ཆོས་དང་འབྲེལ་ནས་བཤད་ཀྱི་མེད་པར། ནང་ཆོས་དང་མ་འབྲེལ་བར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་བསླབ་ཆེད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་བཤད་ཀྱི་ཡོད་པ་བཀའ་གནང་གི་འདུག
གཞན་ཡང་བརྟན་བཞུགས་གོ་སྒྲིག་པའི་གྲས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས། ད་ཐེངས་བརྟན་བཞུགས་༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཡིན་པ་དང་། གཅིག་ནི་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རིང་། ༧གོང་ས་མཆོག་གི་མཛད་འགན་ཆེ་ཤོས་ཤིག་ཤེས་ཡོན་གྱི་ཐོག་ཁུར་བཞེས་གནང་བར། ང་ཚོས་བཀའ་དྲིན་ཆེ་ཞུ་བའི་མཚོན་དོན་ཆེད་ཡིན་པ་ངོ་སྤྲོད་གནང་གི་འདུག ༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་འདིར། ཕྱི་ནང་གི་མི་མང་རྣམས་དད་གུས་ཆེན་པོའི་སྒོ་ནས་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་མིན་ལ་མ་ལྟོས་པར་བཅར་ཡོད་པ་དང་། དེ་ཚོའི་ནང་རྒྱ་བོད་ཧོར་གསུམ་དང་། རྒྱ་གར་དང་ཕྱི་རྒྱལ་བཅས་བརྟན་བཞུགས་འདིར་ཧ་ལམ་མི་མང་བདུན་སྟོང་ཙམ་ཞོགས་པ་སྔ་མོ་ནས་འཚང་ཁ་ཤིག་ཤིག་གིས་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎