༧གོང་ས་མཆོག་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ལ་དབུ་བཞུཊ།
2016.04.22

༧གོང་ས་མཆོག་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོར་དབུ་བཞུགས་དང་ཕྱི་ནང་དད་ལྡན་པར་མཇལ་ཁ་སྩལ་གནང་བ།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཞི་པའི་ཚེས་༢༡་དང་བོད་ཟླ་གསུམ་པའི་ཚེས་༡༥་ཉིན། རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པའི་རྣམ་རྒྱལ་གྲྭ་ཚང་གི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོར་དབུ་བཞུགས་མཛད་ཡོད་པ་རེད།
ལོ་ལྟར་བོད་ཟླ་གསུམ་པའི་ཚེས་༡༥་ཉིན་དེར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཞབས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གིས། དུས་འཁོར་འགྲེམས་འཇོག་གནང་སྲོལ་ཡོད་པ་ལྟར། ད་རེས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ། དུས་འཁོར་འགྲེམས་འཇོག་གི་ཚོགས་མགོན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་གནང་བ་མ་ཟད། ༧གོང་ས་མཆོག་དབུ་བཞུགས་ཐོག་རྣམ་གྲྭ་མཁན་རིན་པོ་ཆེ་དང་དགེ་འདུན་འདུས་མང་གིས་སྨོན་ལམ་གསོལ་འདེབས་ཀྱང་མཛད་ཡོད་པ་རེད་།
དུས་འཁོར་སྒྲུབ་མཆོད་ཆེན་མོ་གྲུབ་པའི་རྗེས་༧གོང་ས་མཆོག་གིས་ཕྱི་ནང་དད་ལྡན་མང་ཚོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་དང་། མཇལ་ཁ་ཞུ་མཁན་ཁྲོད་ནས་ཡོ་རོབ་Atlantic་དང་། ལྷོ་ཨ་མི་རི་ཀ་སོགས་ནས་བཅར་བའི་ཕྱི་རྒྱལ་བ་གཞོན་ནུ་ཁག་ཅིག་ལ། འཇིག་རྟེན་དེའི་ནང་འགྲོ་བ་མིའི་སེམས་རྒྱུད་དུ་བྱམས་བརྩེ་དང་སྙིང་རྗེ་། ཡ་རབས་དང་འགྲོ་བ་མིའི་ཡོན་ཏན་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱས་ན་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་བདེ་ཐང་དང་། ཚེ་རིང་དུ་འཚོ་ཐུབ་པར་ཕན་ཐོགས་ངེས་ཅན་ཡོད་པའི་བཀའ་སློབ་སྩལ་གནང་བའི་སྐབས། གཞོན་སྐྱེས་དེ་དག་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད། དེའི་ཁྲོད་ནས་ཕྱི་རྒྱལ་གྱི་གཞོན་ནུ་ཁག་ཅིག་གིས། ༧གོང་ས་མཆོག་ནི་འཛམ་གླིང་ནང་གི་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཡིན་པ་དང་། ༧གོིང་ས་མཆོག་གིས་ཆོས་ལུགས་དང་མ་འདྲེས་པའི་ཐོག་ནས་འགྲོ་བ་མིའི་སེམས་རྒྱུད་དུ་བྱམས་བརྩེ་དང་སྙིང་རྗེ་། སེམས་བཟང་གོང་འཕེལ་གཏོང་སྟངས་སྐོར་བཀའ་སློབ་ཕེབས་པ་ཇི་བཞིན་ན་གཞོན་ཚོས་༧གོང་ས་མཆོག་གི་བཀའ་སློབ་ཀྱི་སྙིང་པོ་བྱམས་བརྩེ་དང་སེམས་བཟང་ཉམས་ལེན་བྱ་རྒྱུ་ནི་༧གོང་ས་མཆོག་གི་དགོངས་པ་སྒྲུབ་རྒྱུ་ཡིན་པ་རེད་ཅེས་དང་། ཡང་༧གོང་ས་མཆོག་གིས་འགྲོ་བ་མིའི་ཡོན་ཏན་གོང་འཕེལ་བཏང་ནས་གཞན་ལ་ཁོང་ཁྲོ་མ་བྱེད་པར་བྱམས་བརྩེ་དང་སེམས་བཟང་། ཡ་རབས་ཀྱི་ཐོག་ནས་རོགས་ཕན་བྱ་དགོས་པ་དང་། སེམས་བཟང་གི་བྱ་བ་སྒྲུབ་རྒྱུ་ནི་རང་ཉིད་སོ་སོའི་ལུས་སེམས་བདེ་ཐང་དང་མི་ཚེ་རིང་དུ་གནས་ཐུབ་པའི་ཕན་ཐོགས་དང་། གཞན་ལ་བདེ་སྐྱིད་སྐྲུན་ཐུབ་པའི་ནུས་པ་ལྡན་པའི་བཀའ་སློབ་རྣམས་སེམས་བཅངས་ཞུ་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།