ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་གྱི་སློབ་གཞི་དབུ་འབྱེད་གནང་འདུག
2017.08.14

༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་གྱི་སློབ་གཞི་དབུ་འབྱེད་གནང་འདུག
ཕྱི་ཚེས་ ༡༤ ་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་གྱི་སློབ་གཞི་ཞིག་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་(Tata Institute of Social Science)་ཞེས་པའི་སློབ་གཉེར་ཁང་དེར་དབུ་འབྱེད་གནང་ཡོད་པ་དང་། སློབ་གཉེར་ཁང་དེས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་སྙིང་རྗེ་དང་འགྲོ་བ་མིའི་བཟང་སྤྱོད་དང་གུས་བརྩི་དང་དྲང་བདེན་དོན་ཆེར་ངོས་འཛིན་གནང་ནས་བཀའ་སློབ་འདི་ལྟར་ཕེབས་ཡོད་འདུག ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་གྱི་སློབ་གཞི་འདིའི་དམིགས་ཡུལ་ནི་ཀུན་ཁྱབ་ཀྱི་བརྗིད་ཉམས་དང་འདྲ་མཉམ་ལ་གཞི་བཞག་ནས་རིག་གཞུང་འདྲ་མིན་རྣམས་ལ་རྨང་གཞི་ཞིག་བསྐྲུན་རྒྱུ་ཞིག་ཡིན་པ་རེད།
འདི་ནི་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ལ་གཞི་བཞག་ནས་རང་གཞན་གཅིག་ལ་
གཅིག་བརྟེན་དང་བདེ་དོན་ཆེད་ཤུགས་སྣོན་བསྐྱོན་ཆེད་ཡིན་པ་རེད། སློབ་ཚན་འདིའི་ནང་མི་སྒེར་དང་ཀུན་ཁྱབ་ཀྱི་རྩ་ཆེའི་རིན་ཐང་ཁག་བྱེད་བྲག་སོ་སོ་དང་རྒྱ་ཁྱབ་དུ་འགྱུར་ལྡོག་ཐོག་དོ་སྣང་གནང་ཡོད་སྐོར་སོགས་བཀའ་གནང་ཡོད་འདུག སློབ་གཞི་འདི་གོང་ཞུས་ Tata Institute of Social Sciences ་ཞེས་པའི་སློབ་གཉེར་ཁང་དེར་འདི་ཚེས་ ༡༩ ་ཉིན་འགོ་འཛུགས་གནང་རྒྱུ་དང་སློབ་ཚན་དེ་སློབ་གཉེར་ཁང་དེའི་འབུམ་རམས་པའི་སློབ་གཉེར་གནང་མཁན་སོགས་ལ་ཆུ་ཚོད་ ༣༠ ་རིང་འཛིན་གྲྭའི་ནང་སློབ་རྒྱུ་དང་ཆུ་ཚོད་ ༦༠་རིང་ལག་བསྟར་དངོས་སུ་བྱེད་པའི་སློབ་ཚན་ཞིག་ཡིན་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།