ཆོས་ལ་སློབ་གཉེར་བྱས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།
2019.11.05
ཤེས་རབ་སྙིང་པོའི་དོན་རྟོགས་པའི་ཐོག་ཉམས་ལེན་བྱས་པ་ཡིན་ཚེ་ཕན་ནུས་ཆེ་བ་ཡོད་པ་༧གོང་ས་མཆོག་གིས་གསུང་ཆོས་ཉིན་གཉིས་པའི་སྐབས་བཀའ་བསྩལ་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་བ་འདིའི་སྤྱི་ཚེས་༠༥་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཤེས་རབ་སྙིང་པོ་དང་ལམ་གཙོའི་ཉིན་གཉིས་པའི་གསུང་ཆོས་སྐབས། ༧གོང་ས་མཆོག་གིས། སྤྱིར་འཛམ་གླིང་ཤར་ཕྱོགས་ཀྱི་ཡུལ་གྲུ་ཕལ་ཆེ་བ་ཞིག་ཕ་མེས་ནས་ནང་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་པས། ཚང་མས་ཤེས་རབ་སྙིང་པོའི་དོན་རྟོགས་པའི་ཐོག་ཉམས་ལེན་བྱས་པ་ཡིན་ཚེ་ཕན་ནུས་ཆེ་བ་ཡོད་པ་དང་། ལྷག་དོན་ཚང་མས་ནང་ཆོས་ལ་སློབ་གཉེར་བྱེད་དེ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུ་གལ་ཆེ་ཞིང་། མི་གཞན་ཚོ་ལ་ཡང་སངས་རྒྱས་པའི་ཆོས་དེ་ངོ་སྤྲོད་བྱེད་པའི་སྐབས། གཞི་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་སྐོར་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ངེས་པར་དུ་བྱ་དགོས་ཞེས་བཀའ་ཕེབས་ཡོད་པ་རེད།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟའི་ཆར་ནུབ་ཕྱོགས་པའི་ཚན་རིག་པ་ཚོས་གཟུགས་ཅན་གཙོ་བོ་གཟུང་ནས་བརྟག་དཔྱད་བྱེད་ཀྱི་ཡོད་པ་ལས་སེམས་ཁམས་རིག་པའི་ཐོག་ལ་དེ་ཙམ་གྱིས་དོ་སྣང་བྱུང་མེད་པ་རེད་ལ། ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཀྱང་ཤེས་པ་ལ་དཔྱད་པ་བྱེད་རྒྱུ་ཁག་པོ་རེད་ཅེས་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཅས་ཀྱི་ཕན་ཡོན་སྐོར་གསུངས་སྐབས་མགོན་པོ་གང་ཉིད་མཆོག་སྐུ་སྒེར་གྱི་མྱོང་ཚོར་དང་འབྲེལ་ཏེ་ད་བར་ཞོགས་པ་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པས་ཕན་ཐོགས་ཆེན་པོ་བྱུང་བ་བཀའ་བསྩལ་སོང་།
ད་ཐེངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་མཁན་ཀོ་རི་ཡའི་དད་ལྡན་ཆོས་ཞུ་རྣམས་གཙོས་པའི་རྒྱལ་ཁབ་འདྲ་མིན་༦༤་ཙམ་ནས་ཁྱོན་ཆོས་ཞུ་བ་བདུན་སྟོང་བརྒལ་བ་ཕེབས་ཡོད་ཅིང་། གསུང་ཆོས་སྐད་ཡིག་འདྲ་མིན་བཅུ་གཅིག་ཐོག་གསུང་བསྒྱུར་གནང་བཞིན་ཡོད་འདུག