ཨ་རིའི་ནང་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད།

དེ་ཡང་འདི་ཚེས་༨ཉིན་ཨ་རིའི་ནིའུ་ཡོག་མངའ་སྡེའི་ཨི་ཐ་ཁ་(Ithaca)ས་གནས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲྭ་བརྙན་བརྒྱུད་བཀའ་སློབ་སྩལ་སྐབས། སངས་རྒྱས་པའི་ཆོས་ནི་གཙོ་བོ་ལྟ་སྒོམ་སྤྱོད་གསུམ་གྱི་ཐོག་ནས་ཉམས་ལེན་གནང་དགོས་བ་དང་། དེ་ལྟར་སངས་རྒྱས་པའི་ཆོས་ཀྱི་ཟབ་གནད་སྐོར་བྱང་ཆུབ་གྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སོགས་རང་གིས་ཉམས་ལེན་དང་གཞན་ལ་ཁྲིད་ཐུབ་ན་ཡག་པོ་ཡོད་སྐོར་དང་། ཆོས་ཚོགས་ཀྱི་ངོས་ནས་དཔེ་ཆ་འདོན་པ་དང་སྨོན་ལམ་རྒྱག་པ་ཙམ་མ་ཡིན་པར། ནང་པའི་འགྲོ་སྟངས་བསླབ་ཐུབ་པ་དང་ལྷག་པར་ཆོས་དད་ཡོད་མེད་ཁྱད་མེད་པར་སེམས་ཁམས་རིག་པའི་འགྲོ་སྟངས་དེ་ཚོ་ངོ་སྤྲོད་གནང་ཐུབ་ན་ཕན་ཐོགས་ཡོད་པ་སོགས་བཀའ་བསྩལ་ཡོད་པ་རེད།
རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་གི་གཙོ་འཛིན་བསྟན་འཛིན་ཆོས་བཟང་ལགས་ཀྱིས་གསུངས་ན། རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་གསར་བཞེངས་གནང་དོན་ནི། ད་བར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་བསྐྱངས་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ཁག་གཅེས་འཛིན་ཞུ་རྒྱུའི་ཆེད་ཡིན་པ་གསུངས་བྱུང་།
འདི་ནི་ནུབ་ཕྱོགས་ཡུལ་གྲུ་ཞིག་གི་ནང་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་བཞེངས་བསྐྲུན་ཞུས་པ་ཆེས་ཐོག་མ་དེ་ཡིན་པ་རེད་ལ། དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་འདི་ནི་ཨི་ཐི་ཁ་ས་གནས་སུ་ཡོད་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་གིས་༢༠༡༦ལོ་ནས་བཞེངས་བསྐྲུན་ཞུས་པ་ཞིག་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།