དེང་དུས་ཀྱི་ཤེས་ཡོན་ནང་སེམས་པ་བཟང་པོ་བྱ་དགོས་པའི་བསླབ་བྱ་ཡར་རྒྱས་སུ་གཏོང་ཐུབ་ན་ཕན་ཐོགས་ཡོང་གི་རེད། ༧གོང་ས་མཆོག་གིས།

2021.04.07
དེང་དུས་ཀྱི་ཤེས་ཡོན་ནང་སེམས་པ་བཟང་པོ་བྱ་དགོས་པའི་བསླབ་བྱ་ཡར་རྒྱས་སུ་གཏོང་ཐུབ་ན་ཕན་ཐོགས་ཡོང་གི་རེད། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཆོས་འབྲེལ་སྐབས། ༤།༧།༢༡
OHHDL

དེང་དུས་ཀྱི་ཤེས་ཡོན་ནང་སེམས་ཁམས་རིག་པ་དང་སེམས་པ་བཟང་པོ་བྱ་དགོས་པའི་བསླབ་བྱ་ཡར་རྒྱས་སུ་གཏོང་ཐུབ་ན་ཕན་ཐོགས་ཡོང་གི་རེད་ཅེས་༧གོང་ས་མཆོག་གིས་ཨི་ཊ་ལིའི་ཆོས་ཞུ་བ་ཚོར་བཀའ་གནང་སོང་།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་ཡོ་རོབ་ཨི་ཊ་ལིའི་རྒྱལ་ཁབ་ནང་ཡོད་པའི་ཨི་ཊ་ལི་ནང་པའི་མཉམ་འབྲེལ་ལྷན་ཚོགས་ནས་གསོལ་འདེབས་ཞུས་བ་ལྟར། སྤྱི་ཟླ་༤པའི་ཚེས་༧ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་འཕགས་པའི་བདེན་པ་བཞི་དང་། བདེན་པ་གཉིས་ཀྱི་ཐོག་བཀའ་སློབ་གསུང་ཆོས་དང་། ཆོས་ཞུ་བ་ཚོའི་དྲི་བ་ལ་བཀའ་ལན་གནང་སྐབས། ༧གོང་ས་མཆོག་གིས་མིའི་སྤྱི་ཚོགས་ནང་རབ་བྱུང་དང་ཁྱིམ་པའི་སྡོམ་པ་བླངས་ཏེ་ནང་ཆོས་ཉམས་ལེན་གནང་མཁན་དང་། དམིགས་བསལ་ཆོས་ལ་དད་པ་མེད་ནའང་མི་ཚེ་བཟང་པོ་སྐྱེལ་པ་དང་། མིའི་སྤྱི་ཚོགས་སྤྱི་ལ་ཕན་ཐོགས་བྱ་ཐུབ་པའི་རིགས་བཅས་གཉིས་ཀ་ཡོང་ཐུབ་ཀྱི་ཡོད་ཅིང་། དམིགས་བསལ་ཆོས་པ་དང་ནང་པ་བྱ་དགོས་པའི་སྐད་ཆ་མེད་པར། དེང་དུས་ཀྱི་ཤེས་ཡོན་ནང་སེམས་ཁམས་རིག་པ་དང་སེམས་བཟང་པོ་བྱ་དགོས་པའི་བསླབ་བྱ་ཡར་རྒྱས་སུ་གཏོང་ཐུབ་ན་ཕན་ཐོགས་ཡོང་གི་རེད་ཅེས་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་ནས་སྤྱིར་ཆོས་ཟེར་བ་དེ་འདི་བྱེད་འདི་མ་བྱེད་ཅེས་མར་བཀའ་གཏོང་རྒྱུ་མིན་པར། སྒེར་སོ་སོའི་རང་མོས་ཀྱི་ཐོག་ནས་འགྲོ་རྒྱུ་ཡིན། ཆོས་ལུགས་ཚང་མས་སེམས་པ་བཟང་པོ་དང་ཡ་རབས་བྱེད་དགོས་པའི་བསླབ་བྱ་གནང་གི་ཡོད་པས། ཆོས་ལུགས་ཚང་མ་ལ་ང་ཚོས་བརྩི་བཀུར་དང་གུས་ཞབས་བྱེད་པ། ངོས་ཀྱི་ལས་འགན་གཅིག་དེ་ཡང་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཡོང་ཐབས་བྱེད་བཞིན་ཡོད། ལྟ་གྲུབ་ཀྱི་ཐོག་ནས་ཡེ་ཤུ་དང་ཁ་ཆེ། ནང་པ་བཅས་ཧ་ཅང་མི་འདྲ་བ་ཆགས་ཡོང་གི་ཡོད་ནའང་། དེ་ཚོ་མི་སྒེར་སོ་སོའི་ཁམས་དང་མོས་པ་དང་བསྟུན་ནས་འགྲོ་རྒྱུ་རེད། རྩ་བ་ཚང་མས་བྱམས་བརྩེ་ཉམས་ལེན་དང་གཞན་ལ་ཕན་ཐོགས་བྱ་དགོས་པར་གསུང་གི་ཡོད་ཅེས་བཀའ་གནང་བ་དང་འབྲེལ། སེམས་མ་སྐྱིད་པ་དང་གཙོ་བོ་ལུས་ཀྱི་སྡུག་བསྔལ་དེ་འདྲ་ཡོང་སྐབས། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་སེམས་བསྐྱེད་ཡོང་ན། སེམས་ལ་ཞི་བདེ་ཡོང་གི་ཡོད་པ་བཀའ་གནང་གི་འདུག
དེར་བརྟེན། སྡུག་བསྔལ་དང་ལེན་གྱི་བཟོད་པའི་ཐོག་ནས་སོ་སོ་རང་ལ་སྡུག་བསྔལ་ཡོང་སྐབས། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཏེ་རང་གི་ཉམས་མྱོང་ལ་དཔེར་བླངས་ནས། ནམ་མཁའི་མཐར་གཏུག་པའི་སེམས་ཅན་དེ་དང་དེ་འདྲ་བའི་སྡུག་བསྔལ་གྱིས་མནར་བ་ཇི་སྙེད་ཅིག་ཡོད་པ་རྣམས། ཁོང་ཚོའི་སྡུག་བསྔལ་དག་ངའི་སྒང་ལ་ཚུར་ཡོང་བར་ཤོག་བསམ་པ། དེ་ལྟར་བྱས་ན་སྡུག་བསྔལ་ལམ་ཁྱེར་དང་གཏོང་ལེན་གྱི་དམིགས་པ་བྱེད་པ་དེ་ཧ་ཅང་ནུས་པ་ཆེན་པོ་རེད་ཅེས་བཀའ་སྩལ་སོང་།
ཨི་ཊ་ལིའི་རྒྱལ་ཡོངས་ནང་པའི་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་(Filippo Scianna)ཧྥི་ལི་ཕོ་ཤཱན་ནཱ་ལགས་ནས། བདེན་བཞི་དང་བདེན་གཉིས་ནི་སངས་རྒྱས་ཀྱི་གསུང་གི་ཉིང་ཁུ་ཆགས་ཀྱི་ཡོད་པས། ༧གོང་ས་མཆོག་གིས་གསུང་ཆོས་དེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཕྱི་ལོ་༡༩༨༥ལོར་ཨི་ཊ་ལིའི་ནང་པའི་སྤྱི་མཐུན་ལྷན་ཚོགས་འགོ་བཙུགས་པ་ནས་བཟུང་། ཕྱི་ལོ་༢༠༡༢ལོར་ཁྲིམས་མཐུན་དེབ་སྐྱེལ་བྱས་བ་དང་། ལྷན་ཚོགས་དེའི་ཁོངས་སུ་ཆོས་ཚོགས་མི་འདྲ་བ་༦༠ཙམ་ཡོད་པ་དེར། ཐེག་པ་ཆེ་ཆུང་གཉིས་ཀ་ཉམས་ལེན་པ་ཡོད་པ་མ་ཟད། ལས་དོན་མང་ཆེ་བ་ནང་ཆོས་དང་འབྲེལ་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་འཆམ་མཐུན། དཀའ་སྡུག་གི་སྐབས་སུ་གཞན་ཕན་གྱི་ལས་ལ་བརྩོན་རྒྱུ་སོགས་ཡིན་པ་སྙན་སྒྲོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎