འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་ཡོད་དགོས། ༧གོང་ས་མཆོག་གིས།

2021.10.14
འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་ཡོད་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་སྤྱི་ཟླ་༡༠པའི་ཚེས་༡༤ཉིན་༡༥ཉིན་གཉིས་ཀྱི་རིང་། བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་བཅས་ཀྱི་བརྗོད་གཞི་དང་འབྲེལ་ཏེ་ལམ་སྟོན་ཕེབས་བཞིན་པ་།
OHHDL

ཨ་མི་རི་ཀའི་ཞི་བདེའི་ཐེབས་རྩ་ཁང་ནས་མི་རབས་གསར་རྙིང་འཕོ་འགྱུར་གྱི་ལས་འཆར་གཞིར་བཟུང་། རྩོད་རྙོག་གི་ཤུགས་རྐྱེན་ཐེབས་པའི་ཡུལ་ལུང་ཁག་གི་གཞོན་སྐྱེས་མགོ་ཁྲིད་ཚོར། ༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་སྤྱི་ཟླ་༡༠པའི་ཚེས་༡༤ཉིན་༡༥ཉིན་གཉིས་ཀྱི་རིང་། བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་བཅས་ཀྱི་བརྗོད་གཞི་དང་འབྲེལ་ཏེ་ལམ་སྟོན་ཕེབས་བཞིན་པ་ལས། ཉིན་དང་པོར་གོང་གསལ་བརྗོད་གཞི་གསུམ་གྱི་ཐོག་བཀའ་སློབ་གནང་སྐབས། ༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ལ་ཞི་བདེ་དང་བྱམས་བརྩེ་ཡོད་དགོས་པ་བཀའ་གནང་གི་འདུག
དེང་སང་མཚོན་ཆ་ཡར་རྒྱས་ཆེན་པོ་ཕྱིན་ཏེ་སྟབས་མ་ལེགས་པ་འདྲ་བྱུང་ནས་མཚོན་ཆ་འདི་རིགས་བེད་སྤྱོད་བཏང་ན་མཇུག་འབྲས་ཧ་ཅང་ཚབས་ཆེན་ཡོང་ངེས་དང་། དུས་རབས་སྔོན་མ་རྣམས་སུ་ང་ཚོའི་བར་རྩོད་རྙོག་བྱུང་ནའང་མཚོན་ཆ་སྟབས་བདེ་དང་སྐབས་རེར་ཁུ་ཚུར་བེད་སྤྱོད་བཏང་གི་ཡོད་པས། དེ་ཙམ་ཉེན་ཚབས་ཆེན་མ་རེད་མོད་དེང་སང་དེ་དང་མི་འདྲ་བར། མཚོན་ཆ་འདི་རིགས་ཀྱིས་མཐའ་མེད་པའི་གཏོར་བཤིག་བཏང་ཐུབ་པར་བརྟེན། ང་ཚོར་དངོས་གནས་འཛམ་གླིང་ཞི་བདེ་དགོས་མཁོ་ཡོད་ལ། ཞི་བདེ་ནི་སྨོན་ལམ་བཏབ་ནས་ནུས་པ་འཐོན་པ་ཞིག་མིན་པ་དང་འཚེ་བ་ནི་འགྲོ་བ་མི་རང་ཉིད་ཀྱིས་བྱས་པ་ཞིག་ཡིན་པས།རང་བཞིན་གྱིས་ཞི་བདེ་ནི་ང་ཚོ་རང་ལ་བརྟེན་ཡོད་པ་དང་། སྔོན་དང་བསྡུར་ན་དེང་སང་ཞི་བདེའི་ལས་འགུལ་གང་སར་ཁྱབ་བཞིན་པར་མཐོང་ཞིང་། ཞི་བདེ་ཡོང་བར་ཐོག་མར་སེམས་ཀྱི་ཞི་བདེ་སྒྲུབ་དགོས་པ་དང་། སེམས་ཀྱི་ཞི་བདེ་ནི་བྱམས་བརྩེ་དང་སྙིང་རྗེའི་བསམ་པ་ལ་ཐུག་ཡོད་ཅེས་བཀའ་གནང་ཡོད་པ་དང་། ཡང་༧གོང་ས་མཆོག་གིས་དེང་རབས་སློབ་གསོའི་ལམ་སྲོལ་ནང་སེམས་པ་བཟང་པོ་བྱ་རྒྱུ་དེ་བཅུག་དགོས་པ་རེད་ཅེས་བཀའ་གནང་གི་འདུག
ད་ཆ་གལ་གནད་ཆེན་པོ་ཞིག་ནི་ང་ཚོའི་ཤེས་ཡོན་སློབ་གསོའི་ལམ་སྲོལ་གྱི་ནང་། ཕྲུ་གུ་ལོ་ཆུང་ནས་བཟུང་ང་ཚོའི་འཛིན་གྲྭའི་ནང་ཕྲུ་གུ་དང་སློབ་ཕྲུག་དེར་ཡང་མི་ཚེའི་བདེ་སྐྱིད་དགོས་པ་དང་། གནད་འགག་ཐུག་ས་ནི་ཤེས་བྱ་སློབ་རྒྱུ་ཙམ་མིན་པར་སེམས་བཟང་པོ་དགོས་པ་དང་། དེ་ཡོང་བར་ང་ཚོའི་དེང་རབས་སློབ་གསོའི་བསླབ་གཞིའི་ནང་། སེམས་པ་བཟང་པོ་བྱ་རྒྱུ་དེ་ཡང་བཅུག་ནས་བརྗོད་གཞི་དེ་སློབ་གསོའི་ཆ་ཤས་ཤིག་བཟོ་དགོས་པ་རེད་ཅེས་བཀའ་གནང་གི་འདུག་ཅིང་། ཡང་༧གོང་ས་མཆོག་གིས་མང་གཙོ་དང་འདྲ་མཉམ་ཡོང་བ་ལའང་བྱམས་བརྩེའི་བསམ་བློ་ནི་གལ་གནད་ཆེ་ཤོས་སུ་གྱུར་པ་འགྲེལ་བརྗོད་གནང་གི་འདུག་
བྱམས་བརྩེ་ཡོད་ན་འདྲ་མཉམ་ནི་རང་བཞིན་གྱིས་ཡོང་གི་ཡོད་པ་དང་། དེང་སང་འཛམ་གླིང་གི་དཀའ་ངལ་མང་པོ་ཞིག་འདྲ་མཉམ་མེད་པར་བརྟེན་ནས་ཡོང་གི་ཡོད་པ་དང་། མང་གཙོའི་རྩ་དོན་ནི་འདྲ་མཉམ་ལ་བརྩིས་ཏེ་མི་ཚོས་གང་སར་བཤད་བསྡད་ཡོད་ནའང་། མང་གཙོའི་མཁའ་དབུགས་དེ་དང་ཆབས་ཅིག་སྲིད་དབང་སྒེར་གཅོད་པའང་སྐབས་རེར་ཡོང་བསྡད་པ་ནི་ནོར་པ་རེད། གང་ནས་ཀྱང་ང་ཚོར་དངོས་གནས་མང་གཙོ་དགོས་ཀྱི་ཡོད་པས།མང་གཙོ་ཡར་རྒྱས་སུ་གཏོང་བར་གནད་འགག་ཆེ་ཤོས་ནི་བྱམས་བརྩེ་ལ་ཐུག་ཡོད་ཅེས་བཀའ་གནང་གི་འདུག་ལ། ཨ་མི་རི་ཀའི་ཞི་བདེའི་ཐེབས་རྩ་ཁང་གི་འགན་འཛིན་Lise་Grandeལི་སི་གྷི་རན་ཊི་ལགས་ནས། ཁོང་ཚོ་ཚང་མའི་ཚབ་ཞུས་ཏེ་༧གོང་ས་མཆོག་གི་ཤེས་རབ་དང་ལམ་སྟོན་ལ་སེམས་གཏིང་ནས་ཡི་རང་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
༧གོང་ས་མཆོག་གིས་ཁོང་ཚོ་མཉམ་དུ་དུས་ཚོད་བཏང་ནས་ལམ་སྟོན་ཕེབས་པར་བཀའ་དྲིན་ཞུས་པ་དང་འབྲེལ། མོ་རང་གཞོན་ནུའི་དུས་ཀྱི་ལོ་ངོ་བཞི་བཅུའི་སྔོན་ནས་ཞི་བདེ་སྒྲུབ་མཁན་ཞིག་གནང་མགོ་བཙུགས་པ་དང་། གལ་ཏེ་མོ་རང་སྐབས་དེ་ཤེད་ནས་༧གོང་ས་མཆོག་དང་ལྷན་ཞི་བདེ་སྒྲུབ་པའི་གོ་སྐབས་རག་ཡོད་ན། ད་ལྟ་ལས་ཀྱང་ཕན་ནུས་ཆེ་བར་འཐོན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་ཡིན་པས།གཞོན་སྐྱེས་འདི་ཚོ་དང་ང་ཚོ་ཧ་ཅང་བསོད་ནམས་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ༧གོང་ས་མཆོག་དང་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་དབར་གྱི་བགྲོ་གླེང་གི་ལས་རིམ་དེ།ཕྱི་ལོ་༢༠༡༦ལོ་དབུ་འཛུགས་གནང་སྐབས་ནས་བཟུང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཟུང་འབྲེལ་གྱི་སྒོ་ནས་ལས་རིམ་གོ་སྒྲིག་གནང་གི་ཡོད་ཅིང་།
བཀའ་སློབ་ཀྱི་རྗེས་སུ་རྩོད་རྙོག་ཅན་གྱི་ཡུལ་ལུང་བྷང་ག་ལ་དང་ཨ་ཧྥི་གྷ་ནི་སི་ཏན།ཊ་ཇིཀི་སི་ཏན།སུ་ཏན་སོགས་ཀྱི་གཞོན་སྐྱེས་ཕོ་མོ་ཁག་ཅིག་གིས། ཕོ་མོ་འདྲ་མཉམ་དང་དབྱེ་འབྱེད།ཕོ་མོ་ཕན་ཚུན་བར་བསམ་ཤེས་ཡོང་སྟངས།བྱམས་བརྩེའི་བསམ་བློ་བཅས་ཀྱི་ཐོག་དྲི་བར་བཀའ་ལན་ཐུང་ཐུང་རེ་ཕེབས་ཡོད་པ་དང་།ཉི་མ་གཉིས་པར་མུ་མཐུད་དེ་གཞོན་སྐྱེས་ཚོ་དང་དྲི་བ་དྲིས་ལན་གནང་གཏན་ཁེལ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎