དབྱར་ཆོས་ཆེན་མོ་ནི་ཤེས་ཡོན་ཡར་རྒྱས་ཆེད་ཡིན། ༧གོང་ས་མཆོག་གིས།
2018.07.16

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕར་ཕྱིན་དབྱར་ཆོས་ཆེན་མོའི་དམིགས་ཡུལ་གཙོ་བོ་ཤེས་ཡོན་ཡར་རྒྱས་ཆེད་ཡིན་དགོས་པ་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་མུར་ཁུལ་དུ་ཆགས་པའི་བསམ་གཏན་གླིང་དགོན་པར་དབྱར་ཆོས་ཆེན་མོ་དབུ་འབྱེད་གནང་བ་དང་། ད་རེས་ཀྱི་དབྱར་ཆོས་ཆེན་མོ་ནི་སྐབས་དྲུག་པ་ཡིན་ཞིང་། སྔ་ལོ་ཕྱི་ལོ་༢༠༡༧་ལོར་ལ་དྭགས་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དགོན་དུ་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། ཐེངས་འདིའི་ལ་དྭགས་ལྡུམ་རྭའི་ཡུལ་དུ་༧སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རྒྱལ་སྲས་རི་རྫོང་རིན་པོ་ཆེ་མཆོག་གིས་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབྱར་ཆོས་ཆེན་མོ་ཚུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཡིན་པ་དང་། དེ་ཡང་དཔལ་ན་ལནཌའི་ཆོས་རྒྱུད་ཀྱི་ནང་དོན་རིག་པ་ནས་ཚད་མ་རིག་པ་དང་། སེམས་ཁམས་རིག་པ་ནི། འགྲོ་བ་མིའི་རིགས་ཡོངས་ལ་ཕན་པ་བྱེད་ཀྱི་ཡོད་ཅིང་། ཆོས་ལུགས་དང་འབྲེལ་བ་མེད་པ་རེད་ཅེས་གསུངས་འདུག
ད་དུང་བོད་གངས་ཅན་གྱི་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་ཀ་མ་ལ་ཤི་ལ་སོགས་དངོས་སུ་ཕེབས་པའི་བཀའ་དྲིན་ལ་བརྟེན་ནས་ཚད་མ་རིག་པ་ལ་སོགས་པའི་རིག་གནས་དེ་དག་བོད་ནང་དར་ཁྱབ་ཆེན་པོ་བྱུང་བ་དང་། བོད་མི་རྣམས་ཀྱི་ལོ་ངོ་སྟོང་ཕྲག་བརྒལ་བའི་རིང་གཅེས་སྤྲས་བྱས་པ་ཡོད་པ་དེས་འཛམ་བུ་གླིང་འདིའི་སྒང་ལ་ལེགས་སྐྱེས་འབུལ་ཐུབ་ཀྱི་རེད་བསམ་པའི་ཚོད་དཔག་བྱེད་ཐུབ་ཀྱི་འདུག་ཅེས་བཀའ་གནང་འདུག ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྟོག་གང་དང་གང་གི་ཕན་དང་གནོད་དབྱེ་འབྱེད་བཏང་ནས་བློ་ཡི་འགྲོ་སྟངས་བྱམས་པ་དང་བརྩེ་བ་ནི་སྐྱེ་བ་ཕྱི་མ་དང་དེ་བཞིན་ཐར་པ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མ་ཡིན་པར། མི་ཚེ་འདི་ག་རང་ལ་སེམས་ལ་ཞི་བདེ་ཡོང་བ་དང་། ཕན་ཐོགས་ཡོང་རྒྱུ་རེད་ཅེས་བཀའ་སློབ་སྩལ་འདུག
བསམ་གཏན་གླིང་དགོན་པ་ནི་བདེ་སྐྱིད་དགོན་པའི་ཉེ་འདབས་སུ་ཆགས་ཡོད་པ་དང་དགོན་པ་དེ་ནུབ་ར་རྒྱུགས་ཆུའི་ཉེ་འདབས་རི་ཞིག་གི་སྟེང་ཆགས་ཡོད་པ་མ་ཟད། དེ་བདེ་སྐྱིད་དགོན་པ་ནས་གཟིགས་ཐུབ་ཀྱི་ཡོད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༣ཉིན་ལ་དྭགས་ཁུལ་གྱི་ལྡུམ་ར་གྲོང་གི་གསུང་ཆོས་ར་བའི་ནང་དད་ལྡན་སེར་སྐྱ་མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མ་དང་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་སྩལ་གནང་མཛད་རྗེས། མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཙོ་བོ་ལས་བྱམས་པ་དང་བརྩེ་བ་གཙོ་བོར་གྱུར་བའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་གནང་མཛད་འདུག
༧གོང་ས་མཆོག་གི་ལ་དྭགས་ལྡུམ་རྭའི་ཡུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཟླ་ ༧ ཚེས་༡༨་ཉིན་ལྡུམ་རྭ་ནས་སླེ་རུ་ཆིབས་སྒྱུར་དང་། ཕྱི་ཚེས་༢༠་ཉིན་ཟངས་དཀར་དང་དཀར་དཀྱིལ་ལ་ཆིབས་སྒྱུར་གནང་རྒྱུ་ཡིན་འདུག
གསར་འགོད་པ་སངས་རྒྱས་རྒྱ་མཚོ་དང་ཚེ་དབང་དངོས་གྲུབ།