༧གོང་ས་མཆོག་གིས་མཚོ་པདྨར་ཆོས་འབྲེལ་དབུ་ཚུགས་གནང་བ།
2016.07.13
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གུ་རུའི་གནས་ཆེན་མཚོ་པདྨར་ཞབས་སོར་བདེ་བར་འཁོད་གནང་གིས་དེ་རིང་ཕྱི་ཚེས་༡༣་ཉིན་དད་ལྡན་པ་རྣམས་ལ་ཆོས་འབྲེལ་མཛད་འཕྲིན་བཀྲིན་ཆེ་གནང་དབུ་འཛུགས་མཛད་འདུག
ཡང་དེའི་གོང་ལ་༧གོང་ས་མཆོག་གིས་ཨ་རིའི་སྙན་གྲགས་ཆེ་བའི་གསར་ཤོག་གཅིག་ནང་ཆེད་རྩོམ་ཞིག་སྤེལ་བའི་ནང་། ༧མགོན་པོ་གང་ཉིད་ཀྱིས་མ་འོངས་པའི་འཛམ་གླིང་སྐོར་ལ་ཐུགས་རེ་ཆེན་པོ་གནང་བཞིན་པ་དང་། དེའི་རྒྱུ་མཚན་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ད་ལྟ་ང་ཚོས་གདོང་ལེན་བྱེད་མུས་ཀྱི་དཀའ་རྙོག་ཁག་སེལ་རྒྱུའི་ཐབས་ལམ་ཡོད་པ་ཡིན་སྐོར་བཀའ་སྩལ་གནང་མཛད་འདུག
༧གོང་ས་མཆོག་གིས་འདི་ག་ཨ་མི་རི་ཀའི་ནང་གི་སྙན་གྲགས་ཆེ་བའི་གསར་ཤོག་The Washington Post་ནང་ཆེད་རྩོམ་ཞིག་བཀོད་སྤེལ་མཛད་པ་དེ་ཁ་ས་Pittsburg Post Gazette་གསར་ཤོག་གིས་འགྲེམས་སྤེལ་ཞུས་པའི་ནང་། ༧གོང་ས་མཆོག་རང་ཡུལ་བོད་བཞག་ཏེ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ནས་སྐྱབས་བཅོལ་ཆགས་ཏེ་ལོ་༦༠་ལྷག་འགྲོ་ཡི་ཡོད་ན་ཡང་རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་པ་ཚོ་ཆེ་མཐོང་ལྡན་པ་དང་། རང་དབང་ངང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་བརྒྱུད་འཛིན་བྱེད་ཐུབ་སའི་ཕ་ཡུལ་གཉིས་པ་ལྟ་བུ་རྒྱ་གར་ཡིན་སྐོར་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས། དུས་རབས་༢༠་ནང་དྲག་སྤྱོད་འཚེ་བའི་ལས་ཧ་ལས་པའི་མང་པོ་མིག་མདུན་དངོས་སུ་བྱུང་བ་དང་། རྒྱལ་རབས་ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་དུས་རབས་༢༠་ནང་མི་མང་འབུམ་༢༠༠་ཙམ་དམག་འཁྲུག་སོགས་ནང་རྐྱེན་ལམ་དུ་ཕྱིན་པའི་ཚོད་དཔག་གནང་གི་ཡོད། དེང་སྐབས་དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་སོགས་ནང་དངངས་སྐྲག་ཆེ་བའི་དམག་འཁྲུག་རྫོགས་མཐའ་མེད་པ་རྒྱག་བཞིན་པའི་རྐྱེན་གྱིས། སྐྱབས་བཅོལ་བའི་དཀའ་ངལ་ཆེ་ཤོས་དེ་བྱུང་བ་དང་དྲག་པོའི་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཚབས་ཆེ་བཏང་སྟེ་ཞེད་སྣང་དངངས་ཚབས་ཆེན་པོ་ཡོང་བཞིན་པའི་སྐབས་འདིར་ང་ཚོ་རེ་བ་ཟད་པ་དང་། ཡིད་མུག་པའི་ཚོར་བ་སྐྱེས་ན་ཡང་དུས་རབས་༢༡་པའི་འགོ་སྟོད་འདིར་དངོས་ཡོད་གནས་ཚུལ་དང་མཐུན་པའི་རེ་བ་བཟང་པོ་རྒྱག་དགོས་ངེས་ཅན་ཡིན་སྐོར་བཀའ་གནང་འདུག རེ་བ་བཟང་པོ་རྒྱབ་དགོས་པའི་རྒྱུ་མཚན་ཡང་མང་པོ་ཡོད་ཅིང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་དག་ནི་ལོ་བརྒྱ་ཕྲག་གཅིག་གི་གོང་ལ་དེ་ལྟར་ཡོང་བ་སྣང་བའི་ཡུལ་ལ་མེད་པ་དང་། བེུད་ལ་ཡང་གུས་བརྩི་ཞུ་དགོས་པ་དང་ཕོ་མོ་གཉིས་ཐོབ་ཐང་འདྲ་མཉམ་དགོས་པར་རྒྱལ་སྤྱི་ཁྱོན་ཡོངས་ཀྱིས་མང་མོས་རྒྱབ་སྐྱོར་ཡོད་པ་སྤྱི་དང་ལྷག་དོན་དུ་མི་རབས་གསར་པ་ཚོས་དམག་རྒྱབ་ནས་དཀའ་རྙོག་སེལ་རྒྱུར་ཁས་ལེན་གྱི་མེད་སྐོར་སོགས་ཤོག་གྲངས་གཉིས་དང་ཕྱེད་ཀ་ལྷག་ཡོད་པའི་ཆེད་རྩོམ་སྤེལ་གནང་མཛད་པའི་ནང་བཀོད་གནང་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།