༧གོང་ས་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ལེགས་འགྲུབ།
2014.04.18
༧གོང་ས་མཆོག་གིས་ཉི་ཧོང་རྒྱལ་ནང་གི་མཛད་འཆར་ཁག་ལེགས་འགྲུབ་རྗེས་ཕྱིར་རྒྱ་གར་དུ་ཞབས་སོར་འཁོད་གནང་མཛད་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཟླ་འདིའི་ཚེས་༧ཉིན་ནས་བཟུང་ཉིན་གྲངས་བཅུ་ལྷག་གི་རིང་ཉི་ཧོང་གི་Kyotoདང་། Osakaགྲོང་ཁྱེར་གཙོ་བོར་གྱུར་བའི་ས་གནས་ཁག་ཅིག་ནང་དགོན་པར་གནས་གཟིགས་དང་། ནང་པའི་དགོན་པ་དང་དད་ལྡན་པ་ཚོར་ཆོས་འབྲེལ་གསུང་ཆོས་བསྩལ་གནང་པ། Sotoཆོས་བརྒྱུད་ཀྱི་བླ་ཆེན་ཁག་དང་མཇལ་འཕྲད་གནང་པ། ཉི་ཧོང་ནང་རྒྱ་མཚོའི་རྦ་རླབས་ཀྱིས་གོད་ཆགས་ཕོག་པའི་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་སྨོན་གསོལ་འདེབས་གནང་པ། སློབ་ཕྲུག་ཚོར་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་བརྗོད་གཞིའི་བཀའ་སློབ་བསྩལ་བ། དེ་བཞིན་ནུབ་ཕྱོགས་པའི་ཚན་རིག་དང་ནང་ཆོས་ཚན་རིག་སྐོར་གྱི་བགྲོ་གླེང་གཙོ་སྐྱོང་གནང་པ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་ཡོད་པ་རེད།
སྤྱི་ཚེས་༡༧ཉིན་མཐའ་མའི་མཛད་འཆར་ནང་། ཉི་ཧོང་གི་རྒྱལ་ས་Tokyoདུ་ཉི་ཧོང་དང་། ཀོ་རི་ཡ། སོག་པོ། རྒྱ་རིགས་དང་དེ་བཞིན་ཐེ་ཝན་བཅས་ཀྱི་དད་ལྡན་མི་གྲངས་༡༢༠༠ཙམ་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སྙིང་བསྡུས་བསྩལ་གནང་པ་དང་། ཆབས་ཅིག་ནང་ཆོས་ཀྱི་སྙིང་པོ་དང་ནང་ཆོས་ཉམས་ལེན་བྱ་སྟངས་སྐོར་ལམ་སྟོན་བཀའ་སློབ་བསྩལ་གནང་འདུག ཆོས་འབྲེལ་གྱི་མཇུག་ཏུ་༧གོང་ས་མཆོག་གིས་ངོས་རང་ད་རེས་ཉི་ཧོང་ནང་བདུན་ཕྲག་གཉིས་ཙམ་རིང་ཉི་ཧོང་ནང་གི་གྲོགས་པ་རྙིང་པ་དང་། གཞན་མི་མང་པོ་ཞིག་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ་ཁྱེད་རྣམས་པས་ཀྱང་ངོས་ཀྱིས་བསླབ་པའི་དོན་དེ་དག་སོ་སོའི་བསམ་བློའི་ཐོག་ནས་དཔྱད་པ་དང་ཤེས་པར་བྱས་ཏེ་ལག་ལེན་འཁྱོལ་ཐབས་གནང་དགོས་ཞེས་བཀའ་བསྩལ་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༥པའི་ཚེས་༥ནས་ཚེས་༡༥བར་ཡོ་རོབ་ཁུལ་གྱི་Latviaདང་། ནོར་ཝེའི་རྒྱལ་ས་Oslo Netherland, Germanyགྲོང་ཁྱེར་Frankfurtབཅས་སུ་ཆོས་འབྲེལ་གཙོ་བོར་གྱུར་བའི་མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཆར་དུ་མ་བསྐྱངས་གནང་མཛད་རྒྱུ་ཡིན་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།