༸གོང་ས་མཆོག་གིས་ལ་དྭགས་གྲོགས་པོ་རྣམས་དང་ཉིན་གཅིག་ལྷ་སར་ཞལ་འཛོམས་འབྱུང་རྒྱུའི་གོ་སྐབས་བྱུང་ངེས་ཡིན་པ་བཀའ་སྩལ་སོང་།

2022.08.23
༸གོང་ས་མཆོག་གིས་ལ་དྭགས་གྲོགས་པོ་རྣམས་དང་ཉིན་གཅིག་ལྷ་སར་ཞལ་འཛོམས་འབྱུང་རྒྱུའི་གོ་སྐབས་བྱུང་ངེས་ཡིན་པ་བཀའ་སྩལ་སོང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༢༣ ཉིན་ལ་དྭགས་བདེ་སྐྱིད་ཚལ་ཡུལ་གྱི་ཐུབ་བསྟན་གླིང་དགོན་པ་དུ།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༢༣ ཉིན་ལ་དྭགས་བདེ་སྐྱིད་ཚལ་ཡུལ་གྱི་ཐུབ་བསྟན་གླིང་དགོན་པ་གསར་བཞེངས་ལེགས་གྲུབ་ཀྱིས་དབུ་བྱེད་རབ་གནས་སྩལ་གནང་མཛད་རྗེས་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་གུང་ཚིགས་ཤིག་འདེགས་འབུལ་གནང་སོང་། དང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་ཚལ་ཐུབ་བསྟན་གླིང་དགོན་པར་བཀའ་སློབ་སྩལ་བའི་ནང་དམིགས་བསལ་ལ་དྭགས་ཀྱི་གྲོགས་པོ་རྣམས་དང་ཉིན་གཅིག་ལྷ་སར་མཇལ་རྒྱུའི་གོ་སྐབས་འབྱུང་ངེས་ཡིན་ཞེས་བཀའ་སྩལ་གནང་སོང་།

ཡང་བོད་ཀྱི་སྐད་དང་རིག་གཞུང་གཉིས་མི་ཉམས་རྒྱུན་འཛིན་ཆེད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དག་གིས་འབད་བརྩོན་བྱེད་བཞིན་ཡོད་ལ། ད་ལྟའི་དུས་འདིར་དམིགས་བསལ་གྱི་གོ་སྐབས་ཤིག་ཆགས་ཀྱི་ཡོད་ཅེས་གསུངས་གནང་སོང་། ཡང་མགོན་པོ་མཆོག་ནས་མུ་མཐུད་ལ་དྭགས་ས་གནས་སུ་འདོན་པ་བཏོན་པ་དང་། ལྷ་སྒོམ་པ་སོགས་གལ་གནད་ཆེ་ཡང་། དེ་དག་ལས་སེམས་པ་བཟང་པོ་བྱ་རྒྱུ་གལ་ཆེ་སྐོར་བཀའ་སྩལ་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་ནས་དུས་སུ་ལ་དྭགས་ས་གནས་སུ་ཐུགས་བརྩེ་བ་ཆེན་པོས་ཕེབས་པར་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་མགོན་པོ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་ས་གནས་འཛིན་སྐྱོང་གི་གནས་ཡོད་མི་སྣ་ཁག་དང་ལས་བྱེད་ཚང་འཛོམས་ཐོག་དགུང་ཚིགས་ཤིག་འདེགས་འབུལ་ཞུས་ཞུས་པའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭའི་སློབ་ཕྲུག་རྣམས་ལ་བྱམས་སྙིང་རྗེའི་ཐོག་སློབ་ཁྲིད་གནང་དགོས་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ་དཀའ་དྲིན་སྩལ་སོང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་བར་ལ་དྭགས་སུ་ཆིབས་སྒྱུར་གནང་ཐེངས་ ༢༦ གནང་ཡོད་ཅིང་། ད་རེས་ཀྱི་ཆིབས་སྒྱུར་འདི་ཉིད་ལ་དྭགས་ཀྱི་ལོ་རྒྱུས་ནང་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎