གཞན་ཕན་གྱི་བསམ་བློ་དང་ཀུན་ཕན་གྱི་འགན་འཁུར་གལ་ཆེ།
2014.03.20

༧གོང་ས་མཆོག་གིས་ལྡི་ལིར་གཞོན་སྐྱེས་ཚོར་གཞན་ཕན་གྱི་བསམ་བློ་དང་ཀུན་ཕན་གྱི་འགན་འཁུར་དགོས་རྒྱུ་གལ་འགངས་ཆེ་བ་གསུང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁུལ་གྱི་མཛད་འཆར་ཁག་ལེགས་འགྲུབ་པ་དང་། ཕྱི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་སྙན་གྲགས་ཆེ་བའི་Lady Shri Ram སློབ་གྲྭ་ཆེན་མོའི་སློབ་མ་དང་དགེ་ལས་ཡོངས་ལ་གྲུབ་འབྲས་དང་བླང་དོར། བདེ་སྐྱིད་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་མཛད་སྐབས། ༧གོང་ས་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཟང་ངན་གང་འདྲ་ཞིག་འབྱུང་མིན་ནི་གཞོན་སྐྱེས་ཚོའི་བསམ་བློ་དང་འགན་འཁུར་ལ་རག་ལུས་ཡོད་པས་ཚང་མར་གཞན་ཕན་གྱི་བསམ་བློ་དང་ཀུན་ཕན་གྱི་འགན་འཁུར་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་བ་དང་། རང་དང་གཞན་སྤྱི་ཚོགས་ཀྱི་བདེ་སྐྱིད་འགྲུབ་པ་ནི་ཕྱིའི་དངོས་པོ་དང་དཔལ་འབྱོར་ཡར་རྒྱས་ཁོ་ནའི་ཐོག་ནས་འབྱུང་ཐུབ་རྒྱུ་མིན་པར་ངེས་པར་སེམས་དང་བསམ་བློའི་འཁྱེར་སོ་ལ་བཟོ་བཅོས་བརྒྱབ་སྟེ་ཡོང་དགོས་པ་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་༢༠ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་མཛེ་ནད་གསོ་སྐྱོང་ཁང་ཞིག་ཏུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པ་དང་། ཕྱི་ཚེས་༢༥བར་རྒྱ་གར་གྱི་རྒྱལ་སའི་ནང་མཛད་འཕྲིན་འདྲ་མིན་སྐྱོང་གནང་གི་མཛད་འཆར་ཡོད་པ་རེད།
སྤྱི་ཚེས་༡༩ཉིན་༧གོང་ས་མཆོག་གིས་སིམ་ལའི་ཧི་མ་ཅལ་གཙུག་ལག་སློབ་གྲའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་གསུང་དོན། རྒྱ་གར་ནི་རིག་གཞུང་ཧ་ཅང་ཕྱུག་པའི་གནའ་རབས་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པ་དང་། དེར་བརྟེན་དེང་སྐབས་ང་ཚོས་རྒྱ་གར་གྱི་སྲོལ་རྒྱུན་ནས་དར་བའི་རིག་གཞུང་ཕྱུག་པོ་དེ་དག་ལ་སློབ་སྦྱོང་བྱས་ནས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཐུབ་པ་བྱེད་དགོས་པ་མ་ཟད། ལྷག་པར་གཞོན་སྐྱེས་ཚོའི་དེང་དུས་ཤེས་ཡོན་དང་འབྲེལ་ནས་གནའ་རབས་ཀྱི་རིག་གཞུང་དེ་དག་ལ་ངེས་པར་དུ་སློབ་གཉེར་བྱེད་དགོས། ངོས་ལ་མཚོན་ན་རྒྱ་གར་གནའ་རབས་ཀྱི་རིག་གཞུང་ལ་སློབ་གཉེར་བྱས་ནས་ཉིན་རེའི་འཚོ་བའི་ནང་ཉམས་ལེན་བྱས་པ་བརྒྱུད་རང་ཉིད་ལ་མི་ཚེའི་ནང་དཀའ་ངལ་འཕྲད་སྐབས་ཕན་ཐོགས་ཧ་ཅང་ཡོང་བཞིན་འདུག དེར་བརྟེན་རྒྱ་གར་ནི་ང་ཚོའི་བླ་མ་དང་ང་ཚོ་ནི་རྒྱ་གར་གྱི་སློབ་མར་ངོས་འཛིན་ཞུ་བཞིན་ཡོད་ལ་རྒྱ་གར་དེ་ཡང་མང་གཙོ་ཚད་མཐོ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པས་རྒྱ་གར་གྱིས་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་དང་། ཡར་རྒྱས། བརྟན་ལྷིང་གི་སྤྱི་ཚོགས་བསྐྲུན་རྒྱུར་མིག་དཔེ་འཇོག་ཐུབ་པ་བྱུང་ཡོད་ཅེས་བཀའ་སློབ་བསྩལ་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས་དང་འཆི་མེད།