༧གོང་ས་མཆོག་ཨ་རིའི་བྷོ་སུ་ཀྲོན་ལ་ཞབས་སོར་འཁོད་འདུག
2014.10.30

༧གོང་ས་ཆེན་པོ་མཆོག་ཨ་རིའི་ཤར་ཕྱོགས་གྲོང་ཁྱེར་བྷོ་སུ་ཀྲོན་ནང་ཞབས་སོར་བདེ་བར་འཁོད་སྐབས་བོད་མི་དང་ཡུལ་མི་ཚོས་ཕེབས་བསུ་བྱས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༢༡་ནས་བཟུང་ཁཱ་ན་ཊ་དང་ཨ་རིའི་ནང་མཛད་འཕྲིན་འདྲ་མིན་སྐྱོང་བཞིན་པ་ལྟར། ཚེས་༢༩ཉིན་གྱི་དགོང་དྲོར་ཨ་མི་རི་ཀའི་ཤར་ཕྱོགས་ཀྱི་བྷོ་སུ་ཀྲོན་གྲོང་ཁྱེར་ལ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་སྐབས་དེར་ཁུལ་དེར་གནས་སྡོད་བོད་མི་དང་། ཡུལ་མི་མང་པོ་ཕེབས་ལམ་གཡས་གཡོན་ལ་འཛོམས་ནས་ཕེབས་བསུ་དང་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་འབོད་སྒྲ་སྒྲོག་ཡོད་པ་རེད།
མཛད་འཆར་གཞིར་བཟུང་ལྟར་ན། དེ་རིང་ཚེས་༣༠ཉིན་ཝེཏ་ནམ་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དགེ་བཤེས་བླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་སེམས་བསྐྱེད་ཀྱི་བཀའ་ཁྲིད་གནང་རྒྱུ་ཡིན་འདུག དེ་བཞིན་མངའ་སྡེའི་འཕྲུལ་རིགས་ཤེས་ཡོན་ལྟེ་གནས་ཁང་ནང་ཡོད་པའི་༧གོང་ས་མཆོག་གི་མཚན་གནས་རྗེས་དྲན་ཏཱ་ལའི་བླ་མའི་བླང་དོར་དང་བློ་སྦྱོང་རིན་ཐང་ཚོགས་པ་ཞེས་པའི་གོ་སྒྲིག་འོག་འཛམ་གླིང་ནང་གནས་བབ་བཟང་དུ་གཏོང་རྒྱུ་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་གནང་རྒྱུ་ཡིན་འདུག
དེ་དང་ཕྱོགས་མཚུངས་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། སེམས་བརྒྱུད་བཟང་པོ་བཟོ་ཐབས་ཀྱི་ཤེས་ཡོན་ཞེས་པའི་ཐོག་མང་ཚོགས་ལ་གསུང་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། ༧གོང་ས་མཆོག་གིས་ཨ་རིའི་ནང་གི་མཐའ་མའི་མཛད་འཆར་དེ་བཞིན་གྲོང་ཁྱེར་ནིའུ་ཡོག་ཏུ་བསྐྱངས་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།