འཇིཊ་སྐུལ་ལ་ཁ་གཏད་གདོང་ལེན་བྱ་རྒྱུ་ལས་སྨོན་ལམ་རྒྱབ་པས་མི་ཕན།
2015.11.23
མིས་བཟོས་བའི་དཀའ་རྙོག་དེ་སེལ་རྒྱུར་དཀོན་མཆོག་ལ་སྨོན་ལམ་རྒྱབ་པས་དཀའ་ངལ་སེལ་མི་ཐུབ་པ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འགྲོ་བ་མིའི་རིགས་ཀྱིས་དྲག་པོའི་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གདོང་ལེན་བྱ་རྒྱུའི་ལས་དོན་སྤེལ་དགོས་པ་ལས་སྨོན་ལམ་རྒྱབ་པ་ཁོ་ནས་དཀའ་ངལ་དེ་སེལ་ཐུབ་རྒྱུ་མིན་ལུགས་བཀའ་སྩལ་གནང་མཛད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་ཀྱིས་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་བཟོས་པ་དང་། མིས་བཟོས་པའི་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་རྙོག་དེ་དག་ཀྱང་འགྲོ་བ་མིའི་རིགས་ཀྱི་རིན་ཐང་གསོ་སྐྱོང་དང་དར་འཕེལ། འཛམ་གླིང་ཞི་བདེའི་ཆེད་ལས་ཀ་བྱེད་དགོས་པ་ལས་དཀོན་མཆོག་དང་སྟོན་པ་བཅོམ་ལྡན་འདས། དེ་བཞིན་གཞུང་འཛིན་ཁག་ལ་གསོལ་བ་སྨོན་ལམ་བཏབས་པ་ཁོ་ནས་སེལ་རྒྱུའི་རེ་སྒུག་བྱ་རྒྱུ་མེད་ལ་འཚེ་མེད་ཞི་བ་དང་། ཞི་མཐུན། མཉམ་གནས་ལ་དོ་སྣང་ཆེ་བ་བྱས་ཚེ་མི་གསོད་ཁྲག་སྦྱོར་གྱི་འདས་པའི་དུས་རབས་དེའི་ཁ་ཕྱོགས་བརྗེ་པོ་རྒྱབ་ཐུབ་རྒྱུ་ཡིན་སྐོར་DWའམ་(Deutsche Welle)ཞེས་པའི་ཇར་མ་ནིའི་གསར་ལས་ཁང་གིས་༧མགོན་པོ་གང་ཉིད་ལ་ཉེ་དུས་ཕ་རན་སིའི་རྒྱལ་ས་པེ་རེ་སེའི་ནང་དྲག་པོའི་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཚབས་ཆེ་བཏང་བའི་གནས་ཚུལ་ཐད་བཅའ་འདྲི་དང་ལེན་མཛད་སྐབས་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས་སྐབས་དེར། ང་ཚོ་འགྲོ་བ་མིའི་རིགས་གཅིག་པ་རེད། ༧མགོན་པོ་གང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་གསོལ་བ་སྨོན་ལམ་འདེབས་རྒྱུར་ཡིད་ཆེས་གནང་གི་ཡོད། ཡིན་ནའི་འགྲོ་བ་མིའི་རིགས་ཀྱིས་བཟོས་པའི་དཀའ་རྙོག་དེ་སེལ་རྒྱུར་དཀོན་མཆོག་ལ་རོགས་རམ་གནང་དགོས་པའི་སྨོན་ལམ་རྒྱབ་པ་དེ་རྒྱུ་མཚན་མི་ལྡན་པའི་གཟིགས་ཚུལ་ཡོད་སྐོར་བཀའ་གནང་འདུག ༧གོང་ས་མཆོག་ནས་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་དེ་ཚོས་མིག་རྒྱང་ཐུང་ངུའི་བསམ་བློ་བཏང་བའི་ཐོག་ནས་ད་རེས་ཕ་རན་སིའི་རྒྱལ་ས་པེ་རེ་སེ་ལ་བྱུང་བ་ལྟར་གྱིས་རང་སྲོག་བློས་བཏང་གིས་འབོམ་རྫས་གས་གཏོར་གཏོང་གི་ཡོད་རེད། དྲག་སྤྱོད་འཚེ་བའི་ལས་ཀྱི་རྗེས་སུ་བཞུགས་མཁན་བརྒྱ་ཆ་ཉུང་ཉུང་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་དང་། དེ་དག་ཀྱང་ཆོས་ལུགས་དང་མི་རིགས་ཕན་ཚུན་དབར་ཕྱི་ཚུལ་གྱི་ཁྱད་པར་ཡོད་པ་ནས་ཡོང་གི་ཡོད་པ། སྤྱིར་བཏང་མི་མང་ཆེ་བ་རང་བཞིན་གྱིས་ཞི་བདེར་དགའ་མོས་བྱེད་མཁན་ཡིན་སྟབས་མི་གསོད་ཁྲག་སྦྱོར་གྱི་ལས་དོན་སྤེལ་དགོས་པའི་གཞི་རྩ་མེད་སྐོར་སོགས་བཀའ་སྩལ་གནང་མཛད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།