༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་ཁུ་རན་ནང་ཞི་བདེ་སླར་གསོ་དང་གྲོས་མོལ་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་འདུག

2022.02.28
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་ཁུ་རན་ནང་ཞི་བདེ་སླར་གསོ་དང་གྲོས་མོལ་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་འདུག
AFP

ད་ལྟའི་ཆར་ཨུ་རུ་སུ་དང་ཡུ་ཁུ་རན་དབར་དྲག་པོའི་དམག་འཐབ་འགྲོ་བཞིན་པའི་སྐབས་འདིར། དེ་རིང་ཕྱི་ཟླ་༢ཚེས་༢༨ཉིན་༧གོང་སྐྱབས་མགོན་ཆེན་པོ་མཆོག་ནས་གནས་སྟངས་ཛ་དྲག་ཡིན་པའི་ཡུ་ཀེ་རེན་དང་ཨུ་རུ་སུའི་དབར་གྱི་དམག་འཁྲུག་ཐད་གསུང་འཕྲིན་ཞིག་སྩལ་གནང་མཛད་པའི་ནང་།
"ང་ཚོའི་འཛམ་གླིང་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་དྲག་པོའི་དམག་འཐབ་རྩོད་རྙོག་གིས་འཛམ་གླིང་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་། དམག་འཁྲུག་ནི་དུས་ལས་ཡོལ་ཟིན་པ་ཞིག་ཡིན་སྟབས། འཚེ་བ་མེད་པ་ནི་ཐབས་ལམ་ཉག་ཅིག་ཡིན་པས། ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡར་རྒྱས་བཏང་བའི་ཐོག་ནས་འགྲོ་བ་མི་གཞན་དག་ལ་གཅེན་གཅུང་མིང་སྲིང་གི་བསམ་བློ་གཏོང་དགོས་པ་དང་། དེ་ནི་ང་ཚོས་ཞི་བདེ་དང་ལྡན་པའི་འཛམ་གླིང་ཞིག་ཇི་ལྟར་སྐྲུན་ཐབས་ཡིན་སྐོར་གསུངས་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་རྩོད་རྙོག་དང་ཕན་ཚུན་མི་མཐུན་པའི་གནད་དོན་ཁག་སེལ་ཐབས་ཡག་ཤོས་ནི་གྲོས་མོལ་ཡིན་པ་དང་།དོན་དམ་པའི་ཞི་བདེ་ནི་ཕྱོགས་གཉིས་ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་གྱི་འཚོ་གནས་བདེ་ཐབས་ལ་གུས་བརྩི་བྱས་པར་བརྟེན་ནས་བྱུང་བ་ཡིན་སྐོར་གསུངས་འདུག
དུས་རབས་ ༢༠པ ནི་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཡིན་ན་ཡང་། དུས་རབས་ ༢༡ པ་འདི་བཞིན་ངེས་པར་དུ་ཕན་ཚུན་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས་པས། ང་ཚོས་རེ་བ་གཏན་ནས་བརླག་མི་ཉན།
ངོས་ནས་ཡུ་ཁུ་རན་ནང་ཞི་བདེ་མགྱོགས་མྱུར་སླར་གསོ་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད།"
གཞན་ཡང་ཕྱི་ཚེས་༢༥ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྤྱི་ཚོགས་དྲ་ལམ་སྟེང་གནད་དོན་དེའི་སྐོར་ལ། བོད་ཀྱི་བཤད་རྒྱུན་ལ་འབུ་ཆེ་བས་ཆུང་ཟོས་ཞེས་པ་ལྟར།ཡུ་ཁུ་རན་ལ་བཙན་འཛུལ་བྱས་པ་དེས་ང་ཚོར་ཕྱི་ལོ་༡༩༥༠ལོར་བོད་ལ་བཙན་འཛུལ་བྱས་པ་དྲན་གསོ་བཏང་སོང་།ད་ལྟའི་དུས་རབས་ནང་དམག་འཁྲུག་ནི་མི་ཆོས་དང་མི་མཐུན་པ་ཞིག་དང་དུས་ལ་མ་བབ་པ་ཞིག་ཡིན་པས།ཡུ་ཁུ་རན་ནང་ཞི་བདེ་སླར་གསོ་དགོས་སྐོར་སོགས་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎