ཧི་མ་ཅལ་མངའ་སྡེའི་སྤོབས་པ་ལྡན་པའི་མི་སེར་ཞིག་ཡིན། ༧གོང་ས་མཆོག་གིས།
2018.10.15
ཧི་མ་ཅལ་མངའ་སྡེ་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་སྐུ་ཉིད་མངའ་སྡེ་འདིའི་ཡུལ་མི་ཞིག་ཡིན་པ་དགོངས་ཀྱི་ཡོད་པ་བཀའ་སྩལ་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་དགོངས་བཞིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་ཤིམ་ལ་རུ་ཧི་མ་ཅལ་མངའ་སྡེ་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞེས་པའི་གཞུང་འབྲེལ་མཛད་སྒོ་ཟབ་རྒྱས་ཞིག་ཕྱི་ཚེས་༡༥ཉིན་འཚོགས་ཡོད་པ་རེད། སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོ་དེའི་ཐོག་སྐུ་བཅར་ཞུས་གནང་ཐུབ་མེད་ཀྱང་སྐར་མ་༧ཙམ་ཡོད་པའི་བརྙན་འཕྲིན་བརྒྱུད་ནས་ཧི་མ་ཅལ་མངའ་སྡེའི་གཞུང་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་ཆེ་ཞེས་པའི་འཚམས་འདྲིའི་གསུངས་འཕྲིན་ཞིག་སྩལ་གནང་ཡོད་པ་རེད། གསུངས་འཕྲིན་དེའི་ནང་། ༧གོང་ས་མཆོག་གིས་སྐུ་ཉིད་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤོབས་པ་ལྡན་པའི་མི་སེར་ཞིག་ཡིན་པ་དང་། གཏིང་ཟབ་རྒྱ་ཆེ་བའི་རྒྱ་གར་གྱི་དཔལ་ན་ལེན་ཊའི་ཆོས་བརྒྱུད་ཆེན་མོའི་སློབ་མ་ཞིག་ཡིན་ལུགས་བཀའ་སྩལ་གནང་ཡོད་པ་རེད།
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཉིད་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་སྤྱི་ལོ་༡༩༦༠ལོའི་དབྱར་ཀའི་དུས་སུ་ཐོག་མ་ཕེབས་འབྱོར་བྱུང་ཡོད་པ་དང་། ད་བར་ལོ་ངོ་༥༩ཙམ་ས་ཆ་འདིར་གནས་ཡོད་དུས་མངའ་སྡེ་འདིའི་ཡུལ་མི་ཞིག་ཡིན་པ་ཐུགས་ཚོར་གནང་གི་ཡོད་པའི་སྐོར་དང་། འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་ཧི་མ་ཅལ་མངའ་སྡེའི་རྐང་ར་རྫོང་དུ་བཞུགས་རྒྱུན་རིང་ཐུགས་སྤྲོ་པོ་བྱུང་ཞེས་བཀའ་སྩལ་གནང་འདུག
ད་དུང་༧གོང་ས་མཆོག་གིས། རྒྱ་གར་ནི་འཛམ་གླིང་ཐོག་གི་བསམ་པའི་དཔལ་ཡོན་གྱི་ལོ་རྒྱུས་ཕྱུག་པའི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། དེ་ནི་འཛམ་གླིང་གཞན་ལ་ངོམ་སོ་དང་སྤེལ་རིན་ཆོག་པའི་ལེགས་སྦྱང་ཞིག་ཡིན་པ་དང་། ༧གོང་ས་མཆོག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་སློབ་མ་ཞིག་ཡིན་པའི་ཆར་ནས་རྒྱ་གར་ནང་གནའ་བོའི་རིག་གཞུང་དེ་བསྐྱར་གསོ་ཡོང་ཐབས་ཆེད་ལེགས་སྐྱེས་ཞུས་ཡོད་པ་དང་། ལྷག་པར་དུ་ཧི་མ་ཅལ་མངའ་སྡེའི་གཞུང་དང་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་ཅིག་དང་ཟུང་འབྲེལ་གྱི་སྒོ་ནས་ཤེས་ཡོན་སློབ་གསོའི་ལས་འཆར་གསར་པ་ཞིག་འགོ་འཛུགས་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་བཀའ་གནང་འདུག
དེ་བཞིན་ཡང་གསུངས་འཕྲིན་དེའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། ལས་ཐོག་བློན་ཆེན་གཞན་ཁག དེ་ག་ནང་བཞིན་ད་ལྟའི་ལས་ཐོག་དབུ་འཛིན་བཅས་ལ་བཀའ་དྲིན་ཆེ་ཞུས་གནང་ཡོད་པ་དང་། ཁོང་རྣམ་པའི་ལས་དོན་ཁག་བྱ་བ་ལམ་ལྷོང་ངང་ལེགས་གྲུབ་ཡོང་བའི་ཐུགས་སྨོན་ཡང་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་༢༠༡༨ ལོ་ཧྲིལ་པོར་བོད་མི་རྣམས་ནས་རྒྱ་གར་གྱི་གཙོས་གནས་ཡུལ་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་རིམ་པ་སྤེལ་མུས་ཡིན་པ་ལྟར། གཟའ་ཟླ་བར་ཧི་མ་ཅལ་མངའ་སྡེའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་གནང་བའི་ཐོག་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་(Acharya Dev Vrat) ལགས་དང་། དེ་བཞིན་མངའ་སྡེ་གཞུང་གི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་(Mahender singh Thakur) ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་(Virbhadra Singh) ལཊ་སོཊ་ཆེད་ཕེབས་གནང་ཡོད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་རྡོ་རྗེ་མཚོ།