༧གོང་ས་མཆོག་སྐུའི་འཕྲོད་བཞེས་སྨན་བཅོས་ཆེད་ལྡི་ལིར་གདན་འདྲེན་ཞུས་འདུག
2019.04.09
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སྐུའི་འཕྲོད་བཞེས་སྨན་བཅོས་ཆེད་བཞུགས་སྒར་ནས་ལྡི་ལིར་གདན་འདྲེན་ཞུས་ཡོད་ཀྱང་ཛ་དྲག་གང་ཡང་མེད་པ་རེད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༤ ཚེས་ ༨ ་ཀྱི་མཚན་མོར་༧སྐུ་ཅུང་མ་བདེ་བའི་ཚུལ་བཞེས་ཀྱིས་ཕྱི་ཚེས་༩་ཉིན་ལྡི་ལིར་༧སྐུའི་འཕྲོད་བཞེས་དང་སྨན་བཅོས་ཆེད་གློ་བུར་དུ་གདན་འདྲེན་ཞུས་ཤིང་། ༧སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལྡི་ལིའི་སྨན་པ་ཚོས་ཉེ་ཆར་མགུལ་ཆམ་ཕྲན་བུ་བཞེས་པའི་རྐྱེན་གྱིས་མགུལ་གློར་ཕྲན་བུའི་གཉན་ཁ་བྱུང་བ་ཞུས་འདུག
ད་དུང་སྨན་པ་ཚེ་བརྟེན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། ཛ་དྲག་གི་རང་བཞིན་གང་ཡང་མེད་པའི་ཐོག་ལྗགས་སྨིན་བཞེས་རྒྱུ་དང་བཀའ་མོལ་གནང་རྒྱུ་ནི་རྣམ་ཀུན་ལྟར་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༤ ཚེས་ ༣ ནས་ ༧ བར་ལྡི་ལིར་སཱི་ཤེས་ཡོན་ལས་འཆར་གྱི་བསླབ་གཞི་དབུ་འབྱེད་ཀྱི་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་བསྐྱངས་གནང་བ་སོགས་ཀྱི་མཛད་འཆར་ཁག་ཅིག་གྲུབ་རྗེས། ཕྱི་ཟླ་ ༤ ཚེས་ ༨ ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་བསྟེན་དགྲ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ངལ་གསོ་གནང་ཐོག ཕྱི་ལུགས་དང་བོད་ལུགས་གསོ་བ་རིག་པ་ཐོུང་གིས་ཕུལ་བཞིན་པའི་༧སྐུའི་སྨན་བཅོས་ཚུལ་བསྟེན་གནང་དགོས་པ་ལས་གཞན་ཉེན་ཁ་གང་ཡང་མེད་པའི་བཀའ་ལུང་ཕེབས་འདུག ད་དུང་བཀའ་ལུང་གི་ནང་༧སྐུའི་འགལ་རྐྱེན་གྱི་ཚད་མ་ཞི་ཆེད་སྨན་བླའི་མདོ་ཕྱོགས་དང་སྨན་གཟུངས། བར་ཆད་ལམ་སེལ་སོགས་གསོག་སྒྲུབ་དགོས་པ་ཡང་ཕེབས་ཡོད་འདུག