༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བསྩལ་འདུག

2021.09.17
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བསྩལ་འདུག
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༡༧ཉིན་རྒྱ་གར་གྱི་སྲིད་བློན་ན་རིན་དྷི་ར་མོ་དྷི་མཆོག་གི་འཁྲུངས་སྐར་ཉིན་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག་པ་དེའི་ནང་།
ཁྱེད་ཉིད་ཀྱི་འཁུངས་སྐར་ལ་ངོས་ནས་མཛའ་བརྩེ་དང་ལྡན་པའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ཁྱེད་ཉིད་སྐུ་ཚེ་ཡུན་རིང་བཞུགས་པར་སྨོན་ཞེས་དང་། ཏོག་དབྱིབས་ནད་དུག་ཁྱབ་མིན་ལ་མ་ལྟོས་པར་སྐུ་ཉིད་ནས་གདེང་སྤོབས་ཆེན་པོའི་ངང་རྒྱལ་ཁབ་དེར་སྣེ་ཁྲིད་ཀྱིས་ལྟ་སྐྱོང་གནང་མུས་ཡིན་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། རྒྱ་གར་དེ་བཞིན་འཛམ་གླིང་སྟེང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དེས་རྒྱ་གར་རང་ཉིད་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་མདུན་སྐྱོད་ལ་ལེགས་སྐྱེལ་ཕུལ་ཐུབ་ཅེས་གསུངས་འདུག
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་གསུངས་དོན། འཚེ་མེད་ཞི་བ་དང་། སྙིང་རྗེ། བྱམས་བརྩེ་སོགས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོ་དེ་དག་ནི་དེང་གི་འཛམ་གླིང་དང་འབྲེལ་བ་ཡོད་པ་ཙམ་མ་ཟད། ཧ་ཅང་གི་དགོས་མཁོ་ཆེ་བ་ཞིག་ཀྱང་ཡིན་ཞིང་། ལྷག་དོན་གནའ་རབས་ཀྱི་རིག་གཞུང་དེ་དང་དེང་གི་ཤེས་ཡོན་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་བ་མིའི་བདེ་རྩར་ཕན་རླབས་བསྐྲུན་ཐུབ་པར་ངོས་ལ་ཡིད་ཆེས་ཡོད་ཅེས་གསུངས་འདུག
ཡང་མཐའ་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་བཙན་བྱོལ་བོད་མི་རྣམས་གནས་སྡོད་བྱེད་ཡུལ་རྒྱ་གར་ནི་ང་ཚོའི་ཆོས་ཕྱོགས་ཀྱི་སྐྱབས་བཅོལ་ཡུལ་ཙམ་མ་ཟད། རྒྱ་གར་ནི་འདས་པའི་མི་ལོ་༦༢ རིང་ང་ཚོའི་ཁྱིམ་གཞིས་ལྟ་བུར་གྱུར་ཡོད་པས། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་ངོས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཐུགས་སྨོན་དང་བཅས་བཀའ་བསྩལ་འདུག

Delek-hospital-free-covid-vaccine-on-modi-71-birthday.jpg

ཡང་དེ་དང་ཕྱོགས་མཚུངས་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ཉིན་དང་བསྟུན་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་མཚོན་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་བོད་ཁྱིམ་ཉིན་སློབ་ཏུ་བདེ་ལེགས་སྨན་ཁང་གཙོ་བོར་གྱུར་བའི་ཚོགས་སྡེ་ཁག་ཅིག་ནས་རིན་མེད་ཐོག་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དང་། ནད་དུག་བརྟག་དཔྱད། དེ་བཞིན་ཁ་རས་བཅས་བོད་མི་དང་རྒྱ་གར་ཡུལ་མི་རྣམས་ལ་མཐུན་འགྱུར་གནང་ཞིང་། བཞུགས་སྒར་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས། བདེ་ལེགས་སྨན་ཁང་ནས་སྤྱི་ཟླ་༣ པའི་ཚེས་༢༥ནས་བཟུང་མང་ཚོགས་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བསྐྱོན་འགོ་བཙུགས་ཏེ་ད་བར་མི་མང་༦༢༢༣༢ ལ་སྔོན་འགོག་སྨན་ཁབ་དང་པོ་དང་གཉིས་པ་གཉིས་སྐྱོན་ཟིན་ཡོད་པ་དང་།ད་རེས་ལས་གཞི་དེའི་ནང་མི་༥༠༠ཙམ་ལ་སྔོན་འགོག་སྨན་ཁབ་སྐྱོན་འཆར་ཡོད་པ་འགྲེལ་བརྗོད་གནང་སོང་།
སྐབས་དེར་སྐུ་མགྲོན་གཙོ་བོ་རྡ་རམ་ས་ལ་ཆགས་ཡུལ་ཀང་གྷ་ར་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་ར་ཧུལ་ཀུ་མར་Rahul Kumar ལགས་ཀྱིས། ད་རེས་ཀྱི་ལས་གཞི་དེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། གལ་ཏེ་ལས་གཞི་དེ་དང་འབྲེལ་བའི་སྔོན་འགོག་གི་སྨན་ཁབ་མ་འདང་བ་ཡིན་ན་ཀང་གྷ་ར་འཛིན་སྐྱོང་ངོས་ནས་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུ་ཡིན་ཞེས་གསུང་གནང་སོང་།
ཡང་སྐབས་དེར་ཀང་གྷ་ར་རྫོང་གི་སྤྱི་ཁྱབ་སྨན་པ་སྐུ་ཞབས་གུར་དྷར་ཤན་(CMO Gurdarshan Gupta) ལགས་ཀྱིས། སྒྲ༽ཀང་གྷ་ར་རྫོང་ཁུལ་དུ་ད་བར་མི་མང་འབུམ་༡༡ དང་ཁྲི་༦ ལ་ནད་དུག་སྔོན་འགོག་གི་སྨན་ཁབ་དང་པོ་དེ་སྐྱོན་ཟིན་ཡོད་པ་དང་། ད་དུང་ཡིན་ནས་འདི་གའི་རྫོང་ཁུལ་དུ་ཉིན་རེ་བཞིན་མི་གྲངས་༤༠ ནས་༥༠ བར་ནད་དུག་འགོས་པའི་གནས་ཚུལ་ཡོང་གི་འདུག དེར་བརྟེན། ནད་ཡམས་སྔོན་འགོག་ཐད་འདི་ལྟ་བུ་ཚོགས་སྡེ་ཁག་ནས་མུ་མཐུད་ནས་ལས་གཞི་སྤེལ་བར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་གསུང་གནང་སོང་
གཞན་ཡང་རྒྱ་གར་ནང་འདི་ཚེས་༡༦ བར་བཙན་བྱོལ་བོད་མི་༣༣༦༠༠ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དང་པོ་དང་གཉིས་པ་གཉིས་བསྐྱོན་ཟིན་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་༡༩་ལས་དོན་ཚོགས་ཆུང་ནས་འགྲེལ་བརྗོད་གནང་ཡོད་པ་དང་། མི་འབོར་ཆ་ནས་རྒྱ་གར་ནང་བོད་མི་བརྒྱ་ཆ་༩༢.༡༤ལ་སྔོན་འགོག་སྨན་ཁབ་བསྐྱོན་ཟིན་ཡོད་འདུག་པ་དང་།
དེ་བཞིན་བལ་ཡུལ་ནང་དུ་བཙན་བྱོལ་བོད་མི་༣༡༩༡ ལ་སྨན་ཁབ་དང་པོ་དང་གཉིས་པ་གཉིས་བསྐྱོན་ཟིན་ཡོད་པ་དང་། མི་འབོར་ཆ་ནས་བལ་ཡུལ་བོད་མི་བརྒྱ་༤༥ཙམ་ལ་ནད་དུག་སྔོན་འགོག་གི་སྨན་ཁབ་སྐྱོན་ཟིན་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎