སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྟོན་པའི་བསླབ་བྱ་དེ་ལུས་སེམས་གཉིས་ཀྱི་བདེ་ཐང་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོད་སྐོར་དཱི་པངྐ་རའི་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁའི་སྐབས་བཀའ་སློབ་བསྩལ་གནང་མཛད་པ།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྟོན་པའི་བསླབ་བྱ་དེ་ལུས་སེམས་གཉིས་ཀྱི་བདེ་ཐང་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོད་སྐོར་དཱི་པངྐ་རའི་ཆོས་ཚོགས་ཀྱི་ཚོགས་མི་སློབ་མ་༤༣༠ཙམ་ཞིག་ལ་མཇལ་ཁའི་སྐབས་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག
ཟླ་བ་འདིའི་ཕྱི་ཚེས་༢༠་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཁང་སེར་རིན་པོ་ཆེ་མཆོག་གི་སྣེ་འཁྲིད་འོག་དཱི་པངྐ་རའི་ཆོས་ཚོགས་ཀྱི་སློབ་མ་ཨ་རི་དང་ལྷོ་ཀོ་རི་ཡ་དང་དེ་བཞིན་ཝིཌ་ནམ་ཐེའི་ཝན་དང་སྲོག་པོ་དང་གཞན་ཡང་བལ་ཡུལ་དང་ཡུ་རོབ་ལུང་པ་ཁག་གཅིག་བཅས་ཁྱོན་རྒྱལ་ཁབ་ཁག་བདུན་ཙམ་ཞིག་གི་སློབ་མ་༤༣༠་ཙམ་ཞིག་ལ་ཐུགས་དགྱེས་ཚོར་ཆེན་པོ་མཇལ་ཁ་དང་སྦྲགས་བཀའ་སློབ་བཀྲིན་ཆེ་གནང་མཛད་པའི་ནང་དུ་སངས་རྒྱས་ཀྱིས་གསུང་པའི་བསླབ་བྱ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་དེ་ལུས་སེམས་ཀྱི་བདེ་ཐང་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོད་པའི་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག
ད་དུང་མགོན་པོ་གང་ཉིད་ཀྱིས་མུ་མཐུད་བཀའ་གནང་ཡས་ལ་སྟོན་པ་བསླབ་བྱ་དཔལ་ན་ལེནྜ་ནས་རྒྱུད་པའི་ཆོས་དེ་རྒྱུ་མཚན་ལྡན་ཞིང་པ་དང་ཚན་རིག་དང་མཐུན་པ་སེམས་ཀྱི་སྦྱོང་བརྡར་བྱ་རྒྱུར་ཕན་ཐོག་ཆེན་པོ་ཡིན་པས་བཀའ་བསྩལ་གནང་མཛད་འདུག
སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་དེའི་སློབ་མ་རྣམས་སངས་རྒྱས་ཆོས་ཚོགས་མ་དང་དམིགས་བརྩེ་མའི་ལྗགས་ལུང་བཀྲིན་ཆེ་གནང་མཛད་འདུག་ལ་ཐེངས་འདིའི་དཱི་པངྐ་རའི་ཆོས་ཚོགས་ཀྱི་སློབ་མ་རྣམས་ནས་༧གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུའི་དགོས་དམིགས་གཙོ་བོ་དེ་ནི་ཆོས་ཚོགས་ཀྱི་སྡེ་ཁག་གཅིག་གི་ལས་འཆར་སྙན་སེང་ཞུ་ཆེད་ཆེད་བཅར་ཞུས་པ་ཞིག་ཡིན་པ་རེད་འདུག
གཞི་རྩའི་དཱི་པངྐ་ར་འམ་མར་མེ་མཛད་ནང་པའི་རིག་གཞུང་མི་ཉམས་རྒྱུད་འཛིན་གྱི་བྱ་རྒྱུའི་ཆོས་ཚོགས་དེ་ནི་གཙོ་བོ་ཁང་སེར་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་འཛིན་སྐྱོང་གནང་བཞིན་ཡོད་པ་དང་ཆོས་ཚོགས་དེའི་སློབ་མ་རྣམས་ལ་རིན་མེད་ཀྱི་ཐོག་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱ་རྒྱུའི་ལམ་སྟོན་སློབ་འཁྲིད་གནང་བཞིན་ཡོད་པ་མ་ཟད་ཆོས་ཚོགས་དེས་ཆོས་དང་མཐུན་པའི་རྒྱུན་ལྡན་མི་ཚེ་བསྐྱལ་སྟངས་ཀྱི་ཐོག་གསལ་སྟོན་གནང་ཞིང་ཆོས་ཚོགས་དེས་སྤྱི་ཚོགས་བདེ་དོན་ལས་སྨན་པའི་ལས་དོན་འདྲ་མིན་སྒྲུབ་བཞིན་ཡོད་པདང་འགྲོ་བ་མི་རྣམས་བདེ་བ་འདོད་པ་མ་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་དུས་ཆོས་ཚོགས་དེས་བདེ་བའི་རྒྱུ་སྒྲུབ་ཐབས་དང་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སུ་ལམ་སྟོན་གནང་གི་ཡོད་པ་རེད་འདུག་ལ་དཱི་པངྐ་ར་ནང་པའི་རིག་གཞུང་མི་ཉམས་རྒྱུད་འཛིན་གནང་བའི་ཆོས་ཚོགས་དེ་ནི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་ལྷན་ཚོགས་དེ་བལ་ཡུལ་དུ་ཡོད་པའི་ཧི་མ་ལ་ཡ་ནང་པའི་རིག་གཞུང་ཚོགས་པ་དང་གཅིག་མཚུངས་ཤིག་ཡིིན་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།