བོད་མི་རྣམས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྒྱུན་འཛིན་གྱི་མི་རིགས་ཤིག་ཡིན་ཞེས་བཀའ་སྩལ་བ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཁག་གཅིག་ལ་མཇལ་ཁ་སྩལ་བའི་སྐབས། ༸རྒྱལ་བ་རིན་པོ་ཆེས་མགོ་ཁྲིད་ནས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་། བཙན་བྱོལ་ནང་དུ་ཡོད་པའི་བོད་པ་ཚོའི་སེམས་ཤུགས་ངོས་ཀྱིས་བཟུང་ནས་བསྡད་ཡོད་པས། ངོས་རང་མུ་མཐུད་ལོ་བརྒྱ་ལྷག་སྡོད་ངེས་རེད། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་འགྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས། བོད་པ་ཚོ་ནམ་ཡང་སེམས་ཤུགས་མ་ཆགས་པར་བློ་བདེ་པོ་དང་། སེམས་སྐྱིད་པོ་བྱས་ནས་སྡོད་ཨང་། ཞེས་བཀའ་སྩལ།
ཡང་ཁོང་ཉིད་ནས་མུ་མཐུད་ང་རང་ཚོ་བོད་གངས་ཅན་པའི་ལྷ་སྐལ་དེ་འཕགས་པ་སྤྱན་རས་གཟིགས་ཡིན་སྟབས། སྤྱི་ཡོངས་ནས་བཤད་ན་ང་ཚོ་བོད་པ་ཚོ་ཆུང་ཆུང་གི་སྐབས་ནས་འབུ་མ་གསོད་ཅེས་བཤད་སྲོལ་ཞིག་ཡོད་དུས། ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྒྱུན་འཛིན་གྱི་མི་རིགས་ཤིག་ཆགས་བསྡད་ཡོད་པ་རེད། ངོས་རང་ལ་མཚོན་ན་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་ཆགས་བསྡད་ཡོད་པས། ངོས་ནས་འཕགས་པ་སྤྱན་རས་གཟིགས་པ་བོད་པ་ཚོའི་ཚབ་ཞུས་ཏེ་ཡར་ཞུ་རྒྱུ་ཡིན་པ་སོགས་གསུངས་གནང་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་རེའི་ནང་རེས་གཟའ་ཟླ་བ་དང་། རེས་གཟའ་ལྷག་པ། རེས་གཟའ་པ་སངས་བཅས་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མཇལ་ཁའི་བཀའ་དྲིན་སྐྱོང་བཞིན་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།