རིང་མིན་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་བ།

2023.05.20
རིང་མིན་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་བ། ༸གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཞབས་སོར་འཁོད་སྐབས། ༢༠༢༣།༠༥།༢༠ ཉིན།
OHHDL

ལོ་ལྟར་ས་ག་ཟླ་བའི་རིང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་སྨིན་ཚོགས་གནང་སྲོལ་ཡོད་པ་བཞིན། ཕྱི་ཟླ་ ༥ པའི་ཚེས་ ༢༠ དང་། བོད་ཟླ་ ༤ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། མ་ཎི་རིལ་བུ་དག་ལ་ཕྱག་བྱིན་དང་བསྔོ་སྨོན་མཛད་རྗེས། བཀའ་སློབ་ཕེབས་གསལ། རིང་མིན་མགོན་པོ་གང་ཉིད་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཐུབ་པའི་ཐུགས་རེ་ཡོད་པའི་སྐོར་བཀའ་གནང་སོང་། 

ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱན་རས་གཟིགས་ནི་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་ཡིན་ལ། བོད་མི་རྒན་གཞོན་ཚང་མས། སྤྱན་རས་གཟིགས་ལ་གསོལ་བ་གདབ་རྒྱུ་ནི་རང་བཞིན་གྱི་བག་ཆགས་ཟབ་མོ་བཞག་ཡོད། ལྷག་པར་དུ་བོད་མིའི་སེམས་རྒྱུད་ལ་ཡོད་པའི་སེམས་བཟང་པོ་བྱ་རྒྱུའི་གོམས་གཤིས་དེ་མུ་མཐུད་ཉར་དགོས་པ་བཀའ་གནང་སོང་། 

སྤྱིར་བོད་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་ཞིང་། ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ནི་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་དུས་ཁྱད་པར་ཅན་གྱི་ཉིན་མོ་ཞིག་ཡིན་ཞིང་། ཟླ་བ་འདིའི་ནང་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་བརྩོན་ན་རླབས་ཆེན་གྱི་ཕན་ཁྱད་ཡོད་པ་གསུང་སྲོལ་ཡོད་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ས་ག་ཟླ་བའི་སྐབས་མ་ཎི་གསོག་སྒྲུབ་ཀྱི་ཕན་ཡོན་སྐོར་བཀའ་གནང་བ་དང་སྦྲགས། རྒྱུན་དུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་ཏེ། སེམས་པ་བཟང་པོ་བྱ་རྒྱུ་ནི་ཆོས་ཀྱི་སྙིང་པོ་ཡིན་པ་བཀའ་གནང་སོང་། 2023-05-20Dharamsala-G-13_SA14258.jpg

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ་གིས། བོད་ཀྱི་སངས་རྒྱས་པའི་ཆོས་དེ་དེང་སྐབས་འཛམ་གླིང་གི་སྤྱི་ནོར་དུ་གྱུར་ཡོད་པར་མ་ཟད། ཚན་རིག་པ་ཚུད་པའི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། བོད་བརྒྱུད་ནང་བསྟན་དེ་བཞིན་རྨོངས་དད་ཀྱི་ཆོས་ལུགས་ཤིག་མིན་པར། རིགས་པའི་ལམ་ནས་དཔྱད་པ་བྱ་རྒྱུ་ཡོད་པའི་ཆོས་ལུགས་ཤིག་ཡིན་པའི་ཁར་། ལྷག་དོན་དུ་སེམས་འདུལ་ཏེ། འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད་རྒྱུའི་ཐད་ཧ་ཅང་གཏིང་ཟབ་མོ་གསལ་ཡོད་པས། ཚང་མས་ཧུར་ཐག་བྱས་ཏེ་ཆོས་ལུགས་བཟང་པོ་དེ་མུ་མཐུད་རྒྱུན་འཛིན་གནང་དགོས་པ་གལ་གནད་ཆེ་བའི་སྐོར་བཀའ་གནང་སོང་། 

གཞན་ཡང་མ་ཎི་དུང་སྒྲུབ་ཅེས་པ་ནི་ས་ག་ཟླ་བའི་སྐབས་མ་ཎི་དུང་ཕྱུར་གཅིག་གསོག་སྒྲུབ་གནང་དགོས་པ་དང་། དེ་ལས་མང་བ་གསོག་སྒྲུབ་ཐུབ་ན་མཆོད་པའི་རྒྱན་དུ་གྱུར་པའི་རླབས་ཆེན་གྱི་ཆོས་ཕྱོགས་བྱེད་སྒོ་ཞིག་ཡིན་ཞིང་། འདི་ལོའི་བཞུགས་སྒར་ཁུལ་དུ་མ་ཎི་དུང་སྒྲུབ་དེ་བཞིན་ས་ག་ཟླ་བའི་ཚེས་ ༡ ནས་ཚེས་ ༨ བར་ཉིན་གྲངས་བརྒྱད་རིང་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོ་གའི་སྒོ་ནས་གསོག་སྒྲུབ་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎