༧གོང་ས་མཆོག་གི་སྐུ་ཚབ་ཞུས་ནས་རང་དབང་གི་རྟགས་མ་བཞེས་རྒྱུ།
2015.10.08

སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་ཞུས་ནས་ཨ་རིའི་རང་དབང་གི་རྟགས་མ་བཞེས་རྒྱུ་ཡིན་པ།
དེ་ཡང་༧གོང་ས་མཆོག་གི་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། ཨ་རིའི་སེམས་དང་སྲོག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་Richie Davidsonརྣམ་པ་གཉིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཞུས་ནས། རིང་མིན་༧གོང་ས་མཆོག་ལ་འབུལ་རྒྱུའི་ཨ་རིའི་Liberty Medalཞེས་པའི་རང་དབང་གི་རྟགས་མ་དེ་བཞེས་གནང་རྒྱུ་ཡིན་པ་དང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་རང་དབང་གི་རྟགས་མ་དེ་ཕྱི་ཟླ་ ༡༠ པའི་ཚེས་༢༦ཉིན་གནང་གཏན་འཁེལ་ཡོད་པ་རེད། རྟགས་མ་དེ་ཨ་རིའི་Philadelphia གྲོང་ཁྱེར་གྱི་རྩ་ཁྲིམས་བསྟི་གནས་ཞེས་པ་དེར་གནང་གཏན་འཁེལ་ཡོད་པ་མ་ཟད། གྲོང་ཁྱེར་དེའི་6ABCཞེས་པའི་བརྙན་འཕྲིན་ལས་ཁང་དེས་མཛད་སྒོ་དེ་ཐད་ཀར་རྒྱང་སྲིང་གནང་རྒྱུའི་འཆར་གཞི་ཡང་ཡོད་འདུག
གོང་ཞུས་རྟགས་མ་འབུལ་རྒྱུའི་མཛད་སྒོ་དེར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་Richard Gere ཡང་ཕེབས་གཏན་འཁེལ་ཡོད་འདུག ཁོང་ཨ་རིའི་ཤར་ཕྱོགས་Philadelphiaགྲོང་ཁྱེར་ནང་འཁྲུངས་ཡོད་པ་དང་། ཁོང་གིས་ཉེ་ཆར་གོང་ཞུས་ཨ་རིའི་བརྙན་འཕྲིན་ལས་ཁང་དེའི་བཅར་འདྲིར་ལན་འདེབས་གནང་བའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དུས་ཡུན་ཐུང་ངུ་ཞིག་གི་རིང་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ལ་འོད་སྣང་འདྲ་བའི་ཕན་རླབས་ཁྱད་པར་ཅན་ཞིག་བྱུང་ཡོད་པ་རེད་ཅེས་དང་། གང་ཉིད་ནི་ད་ལྟའི་ཡི་ཤུའི་རྣམ་བདག་ཆོས་ལུགས་ཀྱི་Pope Francisམཆོག་དང་མཐུན་པའི་ཁྱད་ཆོས་མང་དག་ལྡན་པ་ཞིག་ཡོད་པ་རེད་ཅེས་གསུངས་འདུག།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།