རང་གི་དགྲ་བོ་ནི་རང་ལ་བློ་སྦྱོང་གི་ཉམས་ལེན་སྟོན་པའི་དགེ་རྒན་ཡག་ཤོས་དེ་ཆགས་ཡོད་ཅེས། ༧གོང་ས་མཆོག་གིས་བཀའ་སྩལ་ཡོད་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཊི་སི་མོན་ཌི་ཊོས་ཊོས་མཆོག་རྣམ་གཉིས་ཀྱི་ཕྱག་དེབ། བདེ་སྐྱིད་ཟེར་བ་དེ་བརྩམས་ནས་འཛམ་གླིང་གི་མི་འབོར་ས་ཡ་མང་པོར་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཁྱད་ཆེན་པོ་ཐོན་ཡོད་པས། དེ་ལ་རྗེས་དྲན་དང་དཀའ་སྡུག་གི་སྐབས་སུ་བདེ་སྐྱིད་འཚོལ་ཐབས་སུ་དམིགས་ཏེ། བར་ལམ་ནས་རྒྱལ་སྤྱིའི་བདེ་སྐྱིད་ཀྱི་ལྷན་ཚོགས་ཞེས་པ་དེ་དྲ་ལམ་བརྒྱུད་ལོ་རེ་བཞིན་འཚོག་གནང་གི་ཡོད་པ་ལྟར། འདི་ལོར་ཡང་ལྷན་ཚོགས་དེ་སྤྱི་ཟླ་༡༡པའི་ཚེས་༡༣ནས་༡༦བར་ཉི་མ་བཞིའི་རིང་གནང་ཡོད་པའི་མཇུག་བསྡོམས་གསུང་བཤད། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་ཕེབས་ཡོད་པའི་ནང་། ༸གོང་ས་མཆོག་གིས་ནང་སེམས་ཀྱི་བདེ་སྐྱིད་ཡོང་བར་གཞན་ཕན་གྱི་བསམ་པ་ཉམས་ལེན་གནང་དགོས་པ་དང་། དེ་ལ་རང་གི་དགྲ་བོ་ནི་རང་ལ་བློ་སྦྱོང་གི་ཉམས་ལེན་སྟོན་པའི་དགེ་རྒན་ཡག་ཤོས་དེ་ཆགས་ཡོད་ཅེས་བཀའ་སྩལ་གནང་གི་འདུག སོ་སོའི་མཆེད་གྲོགས་ཕོ་མོ་ཚོར་སེམས་ཐག་ཉེ་བོ་བྱ་རྒྱུར་དཀའ་ངལ་མེད་ནའང་། དགྲ་ཕྱོགས་ལ་བྱམས་བརྩེ་ཉམས་ལེན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད་པས། གསུང་རབ་ཏུའང་སོ་སོའི་དགྲ་བོ་ཟེར་བ་དེ་རང་ལ་བློ་སྦྱོང་གི་ཉམས་ལེན་སྟོན་པའི་དགེ་རྒན་ཡག་ཤོས་དེ་ཡིན་པར་གསུང་གི་ཡོད། དེ་བཞིན་རང་ལ་ཁོང་ཁྲོ་དང་སྡང་སེམས་སོགས་བསླང་སྲིད་པའི་གནས་སྐབས་ནི། བྱམས་བརྩེ་དང་གཞན་ལ་གུས་བརྩི་བྱེད་པ། ཉོན་མོངས་ལ་ཁ་གཏད་ཉམས་ལེན་གྱི་གོ་སྐབས་ཡག་ཤོས་སུ་གྱུར་ཡོད་པས། ངོས་ནས་དེ་ལྟར་ཉམས་ལེན་གྱིས་སོ་སོ་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག། ཉམས་ལེན་དེས་ཁ་ཡོད་ལག་ཡོད་ཐོག་ངོས་ལ་ནང་སེམས་ཀྱི་ཞི་བདེ་ཡོང་བ་དང་ཆབས་ཅིག་སྙིང་སྟོབས་ཀྱང་ཆེ་རུ་འགྲོ་ཡི་འདུག། ཕྱོགས་མཚུངས་སོ་སོ་ལ་རྙོག་དྲ་བཟོ་མཁན་ཡོངས་རྫོགས་ནི་དོན་གྱིས་ཁྱེད་ལ་བྱམས་བརྩེ་ཉམས་ལེན་གྱི་གོ་སྐབས་ཡག་ཤོས་ཕུལ་མཁན་དེ་ཡིན་པར་བརྟེན། ཁྱེད་རང་གིས་ཁོ་ཚོར་ངེས་པར་བཀའ་དྲིན་བསམ་ཤེས་གནང་དགོས་པ་རེད་ཅེས་བཀའ་སྩལ་ཡོད་ཅིང་།
ཡང་༸གོང་ས་མཆོག་ལ་ཚན་རིག་པ་གྲགས་ཅན་ཊ་ཝི་ཊི་རིཆཱར་ཌི་སོན་ལགས་ནས། འབྱུང་འགྱུར་སེམས་ཤུགས་མི་ཆག་པ་དང་རེ་བ་མི་བརླག་པའི་ཐད་ལམ་སྟོན་ཞུས་པར། ༸གོང་ས་མཆོག་གིས་གཞན་ལ་རོགས་ཕན་བྱེད་རྒྱུ་ནི་མི་ཚེའི་སྙིང་པོ་ལ་བརྩི་དགོས་པ་རེད་ཅེས་བཀའ་གནང་གི་འདུག ང་ཚོ་ཚང་མར་བདེ་ཐང་གི་འཛམ་གླིང་ཞིག་བསྐྲུན་པའི་འགན་ཁུར་གཅིག་མཚུངས་སུ་ཡོད་ཅིང་། ང་ཚོས་ཚད་ལྡན་དང་མ་ནོར་བའི་ཐབས་ལམ་ཞིག་བསྟེན་ཐུབ་ན། བདེ་ཐང་ཟེར་བ་ནི་ལུས་ཀྱི་བདེ་ཐང་ཙམ་མིན་པར་སེམས་ཀྱི་བདེ་ཐང་ཚུད་པའི་བྱམས་བརྩེའི་རང་བཞིན་གྱི་འཛམ་གླིང་ཞིག་དགོས་པ་རེད། འདས་པའི་ལོ་རྒྱུས་སུ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བརྒྱུད། མི་གསོད་ཁྲག་སྦྱོར་དང་མཚོན་ཆའི་དོན་དུ་སྒོར་མོ་ཧ་ཅང་མང་པོ་བཏང་བ་རེད། ད་ཆ་དེ་ཚོ་ནི་འདས་དོན་ཙམ་ལ་འགྱུར་དགོས་ངེས་ཤིག་རེད།ངོས་ནས་འཆར་ཅན་བསམ་བསྡད་པ་ནི་ང་ཚོའི་མི་ཚེའི་སྙིང་པོ་དེ་གཞན་ལ་ཞབས་ཞུ་སྒྲུབ་པ་དང་རོགས་ཕན་བྱེད་པར་ངོས་འཛིན་གྱི་ཡོད།
འགྲོ་བ་མི་ཐེར་འབུམ་བདུན་པོ་ནི་ང་ཚོའི་སྤུན་མཆེད་ཕོ་མོ་ཡིན་ལ་ང་ཚོ་མཉམ་དུ་འཚོ་དགོས་པ་རེད། ཅེས་བཀའ་སྩལ་ཡོད་ཅིང་། ཉི་མ་བཞི་རིང་གི་ལྷན་ཚོགས་དེར་འཛམ་གླིང་ཡུལ་གྲུ་གང་ས་ནས་རྩོམ་པ་བོ་དང་ཉམས་ཞིབ་པ། གླུ་གཞས་སྒྱུ་རྩལ་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་སྣ་ཚོགས་ཤིག་ཞུགས་ཡོད་པ་མ་ཟད། བོད་རིགས་སྒོམ་ཆེན་པ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དང་། ཚོགས་གཉིས་རིན་པོ་ཆེ་མཆོག། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་བཅས་ཀྱང་ལྷན་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།