༧གོང་ས་མཆོག་གིས། སྤྱི་ཚོགས་ཀྱི་ཕན་བདེའི་སླད་སྨན་ཁབ་ངེས་པར་རྒྱག་དགོས་པ་བཀའ་གནང་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཚོགས་ཀུན་ལ་ཕན་པའི་ཆེད་མི་གཞན་མང་པོས་སེམས་ཤུགས་བསྐྱེད་དེ་སྨན་ཁབ་འདི་ངེས་པར་རྒྱབ་རྒྱུར་སྐུལ་མ་གནང་འདུག རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧སྐུའི་ཞབས་ཞུ་བ་གཙོ་གནད་ཁག་གཅིག་ལ་སྔོན་འགོག་གི་སྨན་ཁབ་༧རྒྱལ་བའི་ཕོ་བྲང་དུ་ཡར་བཅར་ཏེ་སྒྲོན་རྒྱུའི་མཐུན་རྐྱེན་ཕུལ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ཡུལ་མི་བྱིངས་ལྟར་རྒྱ་གར་གཞུང་གི་ས་གནས་རྫོང་གི་སྨན་ཁང་དུ་མར་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུའི་ཐུགས་ཐག་བཅད་གནང་མཛད་འདུག
དེ་རིང་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་རྫོང་གི་སྨན་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་འདི་ནི། འདས་པའི་ལོ་གཅིག་ལྷག་གི་དུས་ཡུན་ནང་ཕོ་བྲང་གི་ཕྱི་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་ཐོག་མ་དེ་ཡིན་པ་རེད།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་དབུས་གཞུང་དང་ཧི་མ་ཅཱལ་མངའ་སྡེའི་གཞུང་གཉིས་ཀས་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་སྒྲོན་རྒྱུར་དོ་འཁུར་ཆེ་བཞེས་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག
དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོན་པའི་སྔོན་འགོག་སྨན་ཁབ་འདི་ནི་དབྱིན་ཡུལ་ Oxford མཐོ་རིམ་སློབ་གྲྭ་ནས་བཟོ་སྦྱོར་གཏན་འབེབས་བྱས་པའི་ AstraZeneca རྒྱ་གར་རང་ཉིད་ཀྱིས་བཟོས་པའི་ ཀོ་ཝིཌ་ཤིལཌ་ Covidshield ཟེར་བ་དེ་ཡིན་པ་དང་། སྨན་ཁབ་དེ་སྔ་རྗེས་ཐུན་གཉིས་བཞེས་དགོས་ཀྱི་ཡོད་པ་ནས་དེ་རིང་སྒྲོན་པ་དེ་ཐུན་དང་པོ་དེ་ཡིན་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་སྨན་ཁབ་ཀྱི་ཐུན་གཉིས་པ་དེ་ཉིན་གྲངས་ ༢༨ ཀྱི་རྗེས་འབུལ་རྒྱུ་ཡིན་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔ་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༢ ཙམ་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེ་བྱུང་བཞིན་པའི་སྐབས་ནས་ཟུར་བཀག་བཞུགས་གནང་མཛད་ཅིང་། དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་ཡོད་པ་ཤེས་འཕྲལ་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བས་ཁེངས་པའི་བོད་མི་ལ་སོགས་པ་དད་ལྡན་པ་ཧ་ཅང་མང་པོ་ཞིག་ཕེབས་ལམ་དུ་སེར་འབངས་སྒྲིག་སྟེ་ཞལ་མཇལ་ཞུ་བར་བཅར་འདུགདེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་༧སྐུ་བཅར་ཞབས་ཞུ་བ་གཙོ་གནད་བཅུ་ཙམ་ལ་ཡང་ཏོག་དབྱིབས་སྨན་ཁབ་དེ་ཕུལ་ཡོད་པ་རེད།
རྒྱ་གར་གཞུང་གིས་ལོ་ན་དྲུག་བཅུ་ལོན་ཟིན་པའི་ཡུལ་མི་ཚོར་ཀོ་ཝིཌ་ ༡༩ ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་འགོ་བཙུགས་ཟིན་པ་ལྟར། བཞུགས་སྒར་ཁུལ་གྱི་ལོ་ན་དེ་ལྟར་སོན་པའི་བོད་མི་དང་། གཞན་ཡང་སྔོན་ཚུད་ནས་དབུག་བསགས་དང་སྙིང་གི་ན་ཚ་ཡོད་པ་ལོ་ན་ ༤༥ ཡན་མི་ཚོར་ཡང་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་འདུག