འཇར་མན་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཞུགས་སྒར་དུ་༧གོང་ས་མཆོག་དང་མཇལ་མོལ།
2019.09.18
བོད་དོན་དང་བོད་ཀྱི་རིག་གཞུང་ཁོར་ཡུག་གི་ཐོག་རང་དབང་ཅན་གྱིས་ཡུལ་ལུང་ཁག་གིས་དོ་ཁུར་གསལ་སྟོན་གནང་བ་སོགས་ཀྱིས་ཕན་ཐོགས་ཡོང་གི་འདུག་ཅེས་༧གོང་ས་མཆོག་གིས་གསུངས་འདུག
འཇར་མན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འཐུས་མི་ཁག་ཅིག་གིས། བོད་ནང་ཆོས་དད་རང་དབང་གི་གནས་སྟངས་ལ་རྟོག་ཞིབ་ཆེད་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། སྤྱི་ཟླ་༩་པའི་ཚེས་༡༨་ཉིན་བཞུགས་སྒར་ཕོ་བྲང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འཇལ་འཕྲད་གནང་སྐབས། ༧གོང་ས་མཆོག་གིས། རྒྱ་ནག་ནི་འཛམ་གླིང་གི་ནང་པ་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་མ་ཟད། དེའི་ནང་བོད་བརྒྱུད་ནང་བསྟན་ལའང་དད་པ་བྱེད་མཁན་མང་པོ་ཡོད་པ་སོགས་ཀྱིས། དེ་ལ་བཟང་ཕྱོགས་ཀྱི་གནས་སྟངས་ཤིག་མངོན་ཡོད་པ་དང་ཆབས་ཅིག བོད་དོན་དང་བོད་ཀྱི་རིག་གཞུང་། ཁོར་ཡུག་གི་ཐོག་རང་དབང་ཅན་གྱི་ཡུལ་ལུང་ཁག་གིས་དོ་ཁུར་གསལ་སྟོན་གནང་བ་སོགས་ཀྱིས་ཕན་ཐོགས་ཡོང་གི་འདུག་པ་དང་། རྒྱ་ནག་གཞུང་གིས་ལོ་བདུན་ཅུ་ལྷག་རིང་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱིས་དོན་གོ་མ་ཆོད་པ་ཁོ་རང་ཚོས་ཀྱང་ཤེས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་བར་དངོས་ཡོད་དང་མཐུན་པའི་ཐབས་ལམ་བསྟེན་དགོས་ལུགས་རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་ཀྱི་གྲས་སུའང་བསམ་བློ་གསར་པ་དེ་འདྲ་ཞིག་བསླེབ་བཞིན་པ་ཡིན་པས། རེ་བ་གང་འཚམ་བརྒྱབ་ཆོག་གི་ཡོད་ཅེས་བཀའ་གནང་འདུག
འཇར་མན་གྱི་ཡེ་ཤུ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཧྥི་རན་ཀི་ཧེན་རིཀ་མཆོག་ནས། ང་ཚོས་ད་དུང་གནས་ཚུལ་ཕྱོགས་བསྒྲིགས་གནང་གི་ཡོད་པ་དང་། གནས་ཚུལ་རྣམས་ཚོགས་ཆུང་ལ་ཕུལ་བ་བརྒྱུད། ཁྱེད་རང་ཚོས་ཡར་ཞུ་བྱས་པའི་དཀའ་སྡུག་གི་སྐོར་སྙན་ཐོ་འདོན་རྒྱུ་མ་ཟད། ང་ཚོའི་ཕྱི་སྲིད་བློན་ཆེན་ལ་དེའི་ཐོག་རྣམ་འགྱུར་གང་འདྲ་སྟོན་དགོས་པར་སྐུལ་འདེད་གནང་གི་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་འཇར་མན་གྱི་གྲོས་ཚོགས་འཐུས་མིའི་ཚོ་སྤྱི་ཚེས་༡༧་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལའང་འཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས། བཙན་བྱོལ་ནང་མང་གཙོའི་འཕེལ་རིམ་དང་སྒྲིག་འཛུགས་ཀྱི་སྒྲོམ་གཞི། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་བཅས་ངོ་སྤྲོད་གནང་ཡོད་པ་རེད།
འཇར་མན་གྲོས་ཚོགས་འཐུས་མིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེས། བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་རྒྱུས་ལོན་ཆེད། བོད་ནང་བསྐྱོད་རྒྱུའི་ཐབས་ཤེས་གནང་ཡོད་ནའང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་རྐྱེན་འགྲོ་བསྐྱོད་མ་ཐུབ་པར་བརྟེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱུས་ལོན་ཆེད་ཕེབས་ནས་རྟོག་ཞིབ་གནང་གི་ཡོད་པ་རེད།