རྡོ་རྗེ་གདན་གྱི་ཉེ་འཁྲིས་སུ་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་འཛུགས་འཆར།


2020.01.16
སྤྱི་ནོར་༧གོངས་མཆོག་རྒྱ་གར་རྡོ་རྗེ་གདན་དུ། ༢༠༡༩།༡༢།༢༥ སྤྱི་ནོར་༧གོངས་མཆོག་རྒྱ་གར་རྡོ་རྗེ་གདན་དུ། ༢༠༡༩།༡༢།༢༥
OHHDL

རྒྱ་གར་བྷི་ཧར་མངའ་སྡེའི་རྡོ་རྗེ་གདན་གྱི་ཉེ་འཁྲིས་སུ་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་གསར་འཛུགས་གནང་འཆར་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་སྤྱི་ཚེས་༡༦་རེས་གཟའ་ཕུར་བུའི་ཉིན། གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་ཨ་རི་བ་དང་། བོད་རིགས། འབྲུག་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། སི་ཀེམ་པུར་དང་བལ་པོ། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་དང་རྒྱ་གར་བ། ཐེ་ཝན་སོགས་ནས་ཕེབས་པའི་མི་གྲངས་༢༦༠་བརྒལ་བར་མཇལ་ཁ་དང་བཀའ་སློབ་བསྩལ་བའི་སྐབས། མགོན་པོ་གང་ཉིད་ལ་དེ་སྔ་ནས་དགོངས་བཞེད་ཡོད་པ་བཞིན་ཆོས་གཅིག་པུ་མ་ཡིན་པར་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་སོགས་སློབ་སྦྱོང་བྱེད་ས་ཡོད་པའི་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་ཞིག་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འགྲམ་སུ་བླ་མ་བཟོད་པ་རིན་པོ་ཆེར་ས་ཆ་ཞིག་ཡོད་པ་དེར་གསར་འཛུགས་གནང་འཆར་ཡོད་པ་བཀའ་སྩལ་ཡོད་པ་རེད།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གནས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་ནས་སངས་རྒྱས་པའི་གནས་ཧ་ཅང་རྩ་ཆེན་པོ་རེད། དཔལ་ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་གི་ལས་གཞིའི་ཐད་རྒྱ་གར་ས་གནས་གཞུང་གིས་ཀྱང་ཐུགས་ཁུར་ཆེན་པོ་བཞེས་ཀྱི་འདུག དེ་སྔ་ངས་སྐད་ཆ་བཤད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཀྱང་དེའི་ཐད་སེམས་ཤུགས་འཕར་ནས་ལས་ཀ་བྱེད་བཞིན་པ་རེད་ཅེས་བཀའ་ཕེབས་འདུག
ཟླ་བ་འདིའི་སྤྱི་ཚེས་༡༧་རེས་གཟའ་པ་སངས་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྷེ་ཧར་མངའ་སྡེའི་པ་ཊི་ན་(Patna)་གྲོང་ཁྱེར་དུ་ཆིབས་བསྒྱུར་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish Kumar)་མཆོག་དང་མཇལ་འཕྲད་དང་སྦྲགས། ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་གསར་རྒྱག་ལས་གཞི་དང་འབྲེལ་བའི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་ཚོར། ང་ཚོས་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཞིང་། སེམས་ཁམས་རིག་པའི་ཐོག་ནས་ནང་བསམ་བློར་རྩད་གཅོད་བྱས་ཏེ་ཉོན་མོངས་ཆགས་སྡང་སྐྱེས་པའི་རྒྱུ་ཇི་ལྟར་ཡོང་གི་ཡོད་པ་དང་། རྐྱེན་ཇི་ལྟར་ཡོང་གི་ཡོད་པ་ཤེས་པར་བྱས་ཏེ་བློ་ལ་འགྱུར་བ་གཏོང་རྒྱུ་གལ་འགངས་ཆེ། སངས་རྒྱས་ཀྱི་་ཆོས་ཀྱི་གནད་འགག་ཤེས་པར་བྱས་ཏེ་དད་པ་བྱུང་བ་ཡིན་ཚེ། དད་པ་དེ་རྒྱུ་མཚན་ལྡན་པའི་དད་པ་དང་གཏན་གྱི་དད་པ་ཆགས་ཀྱི་ཡོད་ཅེས་དང་། མཐའ་མཇུག་ཏུ་༧གོང་ས་མཆོག་གིས། སྤྱོད་འཇུག་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེ་ཞིང་། སྤྱོད་འཇུག་གི་ལེའུ་དྲུག་པ་བཟོད་པའི་ལེའུ་ཡི་ནང་དུ་ཁོང་ཁྲོ་ལ་སྐྱོན་གང་དག་ཡོད་པ་ཧ་ཅང་གསལ་བོ་གསུངས་བ་དང་། བཟོད་པའི་ལེའུ་དེ་ཁོང་ཁྲོ་ཤུགས་ཆུང་དུ་གཏོང་བ་ལ་ཧ་ཅང་ཕན་ཐོགས་ཡོད་པར་བརྟེན། ཚང་མས་བྱང་ཆུབ་སེམས་དཔའི་སྤྱོད་པར་འཇུག་པ་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན་པ་བཀའ་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎