༸གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཡུལ་མི་ཆིག་ཁྲི་ལྷག་ལ་ཐུགས་བརྩེ་བ་ཆེན་པོས་སྦྱིན་པ་བཏང་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ལོ་ལྟར་གསུང་ཆོས་གྲུབ་མཚམས་སུ། ཐུགས་བརྩེ་བ་ཆེན་པོས་ས་གནས་རྒྱ་གར་ཡུལ་མི་དབུལ་ཕོངས་ཉམ་ཐག་དང་དབང་པོ་སྐྱོན་ཅན་སོགས་ལ་སྦྱིན་པ་གཏོང་སྲོལ་ཡོད་པ་ལྟར། ད་ལོ་ཉིན་ཤས་སྔོན་གསུང་ཆོས་སོགས་ཀྱི་ཆོས་འབྲེལ་མཛད་འཆར་ཁག་གྲུབ་པ་དང་བསྟུན་ནས། འདི་ཚེས་ ༥ ཉིན་གྱི་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུས་འཁོར་གསུང་ཆོས་རྭ་བའི་ནང་རྒྱ་གར་ས་གནས་ཡུལ་མི་དབུལ་ཕོངས་ཉམ་ཐག་དང་དབང་པོ་སྐྱོན་ཅན་སོགས་མི་མང་ཆིག་ཁྲི་བརྒལ་བ་ཞིག་ལ་དངུལ་གྱི་སྦྱིན་པ་བཏང་གནང་མཛད་སོང་། དེ་སྐོར་རྡོ་རྗེ་གདན་བོད་དགོན་དགེ་ལྡན་འཕེལ་རྒྱས་གླིང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་དཀོན་མཆོག་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ངོ་སྤྲོད་གནང་དོན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་སེར་སྐྱ་མི་མང་རྣམས་ནས་སྐྱབས་ཞུ་དང་བསྔོ་ཞུ་ཕུལ་བའི་ཕྱག་དངུལ་ཁག་ད་ལན་སྦྱིན་པ་བཏང་གནང་མཛད་པ་ཞིག་ཡིན་པ་གསུངས་ཤིང་། དེ་ནི་ད་ལན་ཙམ་མིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་མང་སྔོན་དུས་ཚོད་འདྲ་མིན་གྱི་ཐོག་སྦྱིན་པ་བཏང་གནང་མཛད་ཡོད་པ་གསུང་གནང་བྱུང་།
གཞན་ཡང་ཁོང་གིས་མུ་མཐུད་གསུངས་ན། འདིར་འདུ་འཛོམས་བྱུང་བའི་མི་མང་ཁྲོད་ནས་དངོས་གནས་སློང་མ་ཡིན་མཁན་མི་ ༣༠༠ ཡས་མས་ཤིག་ཡོད་པ་དང་གཞན་ས་གནས་འདིའི་ཉེ་འཁོར་གྲོང་གསེབ་ ༡༠ ཙམ་ཞིག་གི་མི་མང་ཁ་སང་ནས་ས་གནས་སུ་འབྱོར་ཡོད་པའི་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་གྷ་ཡ་གནམ་ཐང་ཉེ་འགྲམ་ནས་འབྱོར་བ་སློང་མོ་ཨ་ཤོག་ཀུ་མར་གྱིས་བརྗོད་དོན་ལ། ལོ་ལྟར་ང་རང་རྡོ་རྗེ་གདན་དུ་ཡོང་ནས་སློང་མོ་རྒྱབ་ཀྱི་ཡོད། ལོ་ལྟར་༸གོང་ས་མཆོག་གི་གསུང་ཆོས་གྲུབ་པ་དང་བསྟུན་ནས་མགོན་པོ་གང་ཉིད་ཀྱི་སློང་མ་བ་རྣམས་ལ་སྦྱིན་པ་གཏོང་གནང་མཛད་ཀྱི་ཡོད་དུས། མགོན་པོ་གང་ཉིད་མཆོག་སྐུ་ཚེ་བརྒྱ་ཕྲག་བརྟན་ཅིང་མུ་མཐུད་ང་ཚོ་ལ་ཡང་ཡང་སྦྱིན་པ་གཏང་གནང་བའི་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱུང་། དེ་མིན་ས་གནས་ཡུལ་མི་གློག་གི་ལས་དོན་གཉེར་བཞིན་པ་ཨེམ་ཌི་ཨ་ལམ་ལགས་ཀྱིས་བརྗོད་དོན་ལ། ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། གང་ཉིད་མཆོག་ག་དུས་རྡོ་རྗེ་གདན་དུ་ཆིབས་སྒྱུར་མཛད་པ་ཡིན་ན། ས་གནས་མི་མང་སྤྱི་དང་ལྷག་པར་དུ་ཡུལ་མི་ཉམ་ཐག་རྣམས་ལ་དངུལ་གྱི་སྦྱིན་པ་གཏོང་གནང་མཛད་དེ་ཡུལ་མི་ཆིག་ཁྲི་བརྒལ་བ་ཞིག་ལ་ཕན་ཐོགས་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་མིན་དེ་རིང་ཝེཏ་ནམ་གྱི་ནང་པ་ཁག་ཅིག་ནས་རྒྱ་གར་ས་གནས་ཡུལ་མི་ཉམ་ཐག་ཉིས་བརྒྱ་ཙམ་ཞིག་ལ་གྲོ་ཞིབ་ཀི་ལོ་ ༡༠ རེ་དང་ཧིན་སྒོར་བརྒྱ་རེ་སྦྱིན་པ་བཏང་གནང་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།