སེམས་ཀྱི་བདེ་སྐྱིད་ནི་སྨོན་ལམ་བརྒྱབ་ནས་འགྲུབ་རྒྱུ་མེད་ཅེས། ༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་དད་ལྡན་བརྒྱ་ཕྲག་བརྒལ་བར་བཀའ་སྩལ་བ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢ ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ལྷོ་ཀོ་རི་ཡའི་མཁན་པོ་ཅིན་ཨོག་སོགས་དད་ལྡན་སེར་སྐྱ་ཕོ་མོ་བརྒྱ་ཕྲག་བརྒལ་བར་མཇལ་ཁ་བཀའ་སློབ་སྩལ་ཡོད་ཅིང་། སྐབས་དེར་མགོན་པོ་གང་ཉིད་ཀྱིས་དེང་སང་འཛམ་གླིང་འདིར་སྔར་སངས་རྒྱས་པའི་ཆོས་མ་དར་བའི་ཡུལ་ཁག་ཏུའང་ཆོས་ལ་དོ་སྣང་གསར་པ་བསླེབ་བཞིན་པ་དང་། ལྷག་པར་ནང་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དོ་སྣང་ཇི་ཆེར་འགྲོ་བཞིན་པའི་ཁར། ང་ཚོ་ཚང་མའི་སེམས་ཀྱི་བདེ་སྐྱིད་གལ་ཆེན་དུ་བརྩི་ཡི་ཡོད་པ་དང་། སེམས་ཀྱི་བདེ་སྐྱིད་ནི་སྨོན་ལམ་བརྒྱབ་ནས་འགྲུབ་རྒྱུ་མེད་པར། སེམས་དཀྲུག་མཁན་ལ་དོ་སྣང་གིས་སེམས་ནང་ཞི་བདེ་ཡོང་ཐབས་གནང་དགོས་པའི་བཀའ་སྩལ་བ།
གཞན་ཡང་མགོན་པོ་གང་ཉིད་ཀྱིས་ཀོ་རི་ཡའི་ཆོས་གྲོགས་ཚོ་དང་ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དོ་སྣང་བྱེད་མཁན་ང་ཚོ་གཅིག་གྱུར་ཆགས་བསྡད་ཡོད་པ། ཕྱོགས་གཅིག་ནས་ང་ཚོ་མི་ཡིན་པའི་ཆ་ནས་འཛམ་གླིང་འདིར་བརྩེ་བ་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་ང་ཚོ་བཅོམ་ལྡན་འདས་ཏེ་བྱམས་སྙིང་རྗེ་གཙོ་བོར་གསུང་བའི་སྟོན་པ་ཞིག་གི་རྗེས་འབྲང་ཡིན་སྟབས། འཛམ་གླིང་སྤྱིར་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད་ཅེས་བཀའ་སྩལ་སོང་།
ཡང་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་ཀྱི་ཐུགས་རྒྱུད་ལ་ཚོགས་ལམ་གྱི་རྟོགས་པ་བརྙེས་ཡོད་པ་དང་། སྦྱོར་ལམ་དགའ་རབ་ཡོང་གི་ཡོད་པའི་བཟོ་ཡོད་པ་དང་། དེ་མུ་མཐུད་ནས་བསྒོམ་ཡོང་དུས་མཐོང་ལམ་འཐོབ་ཡོང་རྒྱུ་ཡིན་པ་མ་ཟད། ས་བཅུ་ལམ་ལྔ་བགྲོད་ནས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་བློའི་ནང་ཧ་ཅང་གསལ་བོ་འདུག་ཅེས་བཀའ་གནང་གི་འདུག
༸གོང་ས་མཆོག་གིས་ད་དུང་ལྷོ་ཀོ་རི་ཡའི་དད་ལྡན་པ་ཚོར་སངས་རྒྱས་པའི་ཆོས་ནི། སེམས་ལ་བཟོ་བཅོས་བརྒྱབ་ནས་འགྲོ་དགོས་པ་ཞིག་ཡིན་པ་དེ་ཧ་ཅང་ཡག་པོ་རེད། བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་སླེབས་ཡོང་དུས་ཚེ་སྒྲུབ་ཞེས་ཟུར་དུ་ངས་དམིགས་བསལ་དོ་སྣང་བྱེད་ཀྱི་མེད་པར། གང་ལྟར་སེམས་ཀྱི་ཞི་བདེ་དེས་ལུས་ཀྱི་འབྱུང་བ་ཆ་སྙོམས་པ་ནི་ཚེ་སྒྲུབ་ངོ་མ་དེ་ཡིན་པ་སོགས་བཀའ་སྩལ་པར། ལྷོ་ཀོ་རི་ཡའི་དད་ལྡན་པ་ཚོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་༸གོང་ས་མཆོག་ལ་རང་གི་བསམ་ཚུལ་ལྷུག་བརྗོད་དང་། ཆོས་ཀྱི་ཉམས་ལེན་དང་འབྲེལ་བའི་གལ་གནད་ལ་དྲི་བ་དྲིས་ལན་སོགས་ཀྱང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།