༧གོང་ས་མཆོག་ནས་རྒྱ་གར་གྱི་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཡན་ལག་གི་བུད་མེད་ཀྱི་རུ་ཁག་ཅིག་ལ། ཨ་མའི་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པར་བཀའ་སློབ་སྩལ་ཡོད་པ།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༦པའི་ཚེས་༢༨ཉིན། Federation of Indian Chamber of Commerce & Industryརྒྱ་གར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀ་ལི་ཀ་ཏ་ཡན་ལག་གི་བུད་མེད་བཟོ་ཚོང་བའི་རུ་ཁག་ནས་ཡིན་པ། བུད་མེད་རྐྱང་པ་༤༢ལ་མཇལ་ཁ་བཀའ་སློབ་ཕེབས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ང་ཚོ་སྐྱེས་མ་ཐག་ནས་ཨ་མའི་བརྩེ་སེམས་ཡོད་ཚད་ཀྱིས་བྱམས་སྐྱོང་ཐོབ་པ་དེ། མི་ཚེའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པར་བཀའ་སྩལ་དོན། ཆོས་དད་བྱེད་པ་ནི་རིམ་པས་འཚར་ལོངས་དང་མཉམ་དུ་ཡོང་གི་ཡོད་ནའང་། ང་ཚོ་སྐྱེས་མ་ཐག་ནས་ཨ་མའི་བརྩེ་སེམས་ཡོད་ཚད་ཀྱིས་བྱམས་སྐྱོང་ཐོབ་པ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་ཆགས་ཡོད། ངོས་ཀྱི་ཨ་མ་ལགས་ནས་ངོས་ལ་ཧ་ཅང་གིས་བྱམས་སྐྱོང་དང་ཆུང་དུས་ནས་དོ་ནན་ཆེན་པོ་གནང་གི་ཡོད་པས། ངོས་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ནའང་། བྱམས་བརྩེའི་བསམ་པ་ནི་མི་ཚེར་བདེ་སྐྱིད་ཡོང་བ་དང་། ནང་སེམས་ལ་ཞི་བདེ་འདྲེན་བྱེད་གཙོ་བོ་དེ་ཡིན་པ་མ་ཟད། དེས་ལུས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་འབྱུང་བ་སོགས་བཀའ་སྩལ་འདུག་ཅིང་། ཡང་༧གོང་ས་མཆོག་གིས་འགྲོ་བ་མི་ལ་ཆུང་དུས་ནས་ཨ་མས་བསླབ་པའི་བྱམས་བརྩེ་དེ། ཉི་མ་རེ་རེ་བཞིན་ཉམས་ལེན་བྱས་ན་འཛམ་གླིང་ཞི་བདེ་མིང་དོན་མཚུངས་པ་ཞིག་ཡོང་ཐུབ་པ་བཀའ་སྩལ་དོན་ང་ཚོ་ལ་ཨ་མས་བསླབས་པའི་བྱམས་བརྩེ་དེ་ཉི་མ་རེ་རེ་བཞིན་ཉམས་ལེན་དང་ཆབས་ཅིག་ཏུ། འགྲོ་བ་མིའི་ཀླད་པ་བེད་སྤྱོད་ཀྱིས་སེམས་ཅན་སྤྱི་དང་ཁྱད་པར་འགྲོ་བ་མི་ལ་ཕན་བདེ་སྒྲུབ་ཐུབ་པ་ཡིན་ན། ང་ཚོ་འགྲོ་བ་མི་མཆེད་གྲོགས་ཕོ་མོའི་ཚུལ་དུ་གོ་ལ་འདིར་གནས་དགོས་པས། ང་ཚོས་མིང་དོན་མཚུངས་པའི་ཞི་བདེའི་རང་བཞིན་གྱི་འཛམ་གླིང་ཞིག་བསྐྲུན་ཐུབ་པར་ཚོར་གྱི་ཡོད་ཅེས་བཀའ་སྩལ་སོང་།
རྒྱ་གར་བཟོ་ཚོང་ལྷན་ཚོགས་ཀ་ལི་ཀ་ཏ་ཡན་ལག་གི་བུད་མེད་སྡེ་ཚན་གྱི་ཚོགས་གཙོ་Radhika Dalmiaལགས་ནས། མོ་རང་འདི་ལོ་སྤྱི་ཟླ་༤པའི་ནང་༧གོང་ས་མཆོག་ལ་མཇལ་ཏེ་སེམས་ནང་འགྱུར་བ་མི་འདྲ་བ་ཞིག་སོང་བར་བརྟེན། སོ་སོའི་ཚོགས་པ་ཆེད་དུ་མཇལ་ཁ་ལ་ཁྲིད་ཡོང་བ་ཞིག་དང་། དེང་སང་གི་འཛམ་གླིང་འདིར་སྔོན་དང་མི་འདྲ་བར་བུད་མེད་ཀྱིས་ཆ་ཤས་ཆེན་པོ་ལེན་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེང་སང་བུད་མེད་ཚོ་སྔ་མོ་དང་མི་འདྲ་བར་སོ་སོའི་ཆེད་ལས་ཀྱི་ཐོག་གདེང་ཚོད་ཡོད་པའི་སྒོ་ནས་བསྐྱོད་བཞིན་པར་བརྟེན། བུད་མེད་ཀྱིས་ཆ་ཤས་ལེན་པར་འགྱུར་བ་ཆེན་པོ་ཕྱིན་ཏེ་སྐྱེས་པ་དང་འདྲ་མཚུངས་ཆགས་ཡོད་པས། བུད་མེད་ཀྱིས་ལས་ཀའི་ནང་ཆ་ཤས་ལེན་པ་འདི་དེང་སང་གི་འཛམ་གླིང་ལ་ཧ་ཅང་གལ་ཆེན་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་སོང་ལ། མཇལ་ཁ་ཞུ་མཁན་གྱི་ཁོངས་མི་Chaineka Vivanivalaལགས་ནས། ༧གོང་ས་མཆོག་གིས་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པར་བཀའ་ཕེབས་པ་དེ། ནམ་ཡང་བརྗེད་མི་སྲིད་པའི་སྐོར་འགྲེལ་བརྗོད་གནང་དོན་ང་རང་༧གོང་ས་མཆོག་ལ་མཇལ་ཏེ་ཧ་ཅང་དགའ་སྤྲོ་དང་དད་གུས་ཆེན་པོ་བྱུང་བ་མ་ཟད། ཁོང་གིས་ང་ཚོ་ལ་བྱམས་བརྩེ་ནི་བདེ་སྐྱིད་ཡོང་ཐབས་ཀྱི་གསང་གནད་དང་། ཚེ་རིང་ནད་མེད་ཡོང་བར་ལུས་ཀྱི་ཕྲ་ཕུང་གསོ་བའི་རྩ་བ་ལྟ་བུ་ཆགས་ཡོད་ཅེས་བཀའ་སྩལ་བ་ནམ་ཡང་བརྗེད་མི་སྲིད་སྐོར་འགྲེལ་བརྗོད་གནང་སོང་།
ཡང་མཇལ་བཅར་བ་Richa Mohta ལགས་ནས་ཀྱང་། མོ་རང་ལ་བྱིན་རླབས་ཀྱི་ཚོར་བ་ཧ་ཅང་ཆེན་པོ་བྱུང་སྟེ་ལུས་ཀྱི་དཀའ་སྡུག་སེལ་བ་ཞིག་བྱུང་ཁར། ༧གོང་ས་མཆོག་གི་དགོངས་པ་ལྟར། ང་ཚོ་མི་རེ་ངོ་རེས་སོ་སོའི་ཕྲུག་གུ་ལ་བྱམས་བརྩེ་ཡག་པོ་སྤྲད་ཐུབ་ན། དམག་འཁྲུག་གི་དཀའ་ངལ་ལྟ་བུ་འགོག་ཐུབ་པར་མཐོང་བ་འགྲེལ་བརྗོད་གནང་གི་འདུག་༧གོང་ས་མཆོག་གིས་བྱམས་བརྩེ་ཡོང་ཐབས་སུ་བུད་མེད་ལ་ཆ་ཤས་ཆེན་པོ་ལེན་རྒྱུ་ཡོད་པར་བཀའ་གནང་བ་ལྟར། ང་ཚོས་སོ་སོའི་ཕྲུ་གུ་སྐྱེས་མ་ཐག་ནས་འབྱུང་འགྱུར་གྱི་མི་རབས་བྱམས་བརྩེ་ལྡན་པ་ཞིག་ཡོང་བའི་ཁག་ཐེག་གིས། མི་ཚོས་ཕན་ཚུན་ལ་དོ་ཁུར་དང་སེམས་བཟང་གི་ལམ་ནས་འབྲེལ་འདྲིས་བྱས་ཚེ། ཕལ་ཆེར་ང་ཚོས་དམག་འཁྲུག་སོགས་བྱ་བ་ཐབས་སྡུག་རིགས་མཚམས་འཇོག་ཐུབ་པར་སྙམ་ཞེས་འགྲེལ་བརྗོད་གནང་སོང་།
རྒྱ་གར་གྱི་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་བུད་མེད་ཀྱི་ཡན་ལག་ཚོགས་པ་དེར། ས་གནས་ཡན་ལག་ཚོགས་པ་༡༨ཡོད་པ་དེས་རྒྱ་གར་རྒྱལ་ཡོངས་སུ་ཁྱབ་ཡོད་པ་མ་ཟད། ཚོགས་པ་དེས་བུད་མེད་ཚོང་ལས་པ་དང་ཆེད་ལས་པ་བརྒྱད་སྟོང་ལྷག་གི་ཚབ་མཚོན་གནང་ཐུབ་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།