འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྤེལ་རྒྱུ་གལ་ཆེན་ཡིན་པའི་སྐོར། ༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་ཧྥུ་ལོ་ཞེས་པའི་ལས་གཞིའི་ཁོངས་ཀྱི་སློབ་ཕྲུག་དང་དགེ་རྒན་ཆེན་མོ་བ་སོགས་བཀའ་བསྩལ་བ།

བཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་གི་བྱམས་བརྩེའི་ཉམས་ལེན་སོགས་རྩ་བར་བཞག་སྟེ། ལག་ལེན་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་གནང་རྒྱུའི་དམིགས་ཡུལ་བཟུང་བའི་མུར། མཐོ་རིམ་སློབ་གྲྭ་ཁག་གི་ནང་གཞོན་སྐྱེས་སྤྱི་ཚོགས་ཞབས་ཞུའི་ཀུན་སློང་དང་མགོ་ཁྲིད་ཀྱི་ཁྱད་ཆོས་ཚང་ལ་རྣམ་དཔྱོད་ཅན་རྣམས་སློབ་གྲྭ་ཆེན་མོ་ཁག་སོ་སོས་བདམས་སྒྲུག་གིས་རྒྱལ་སྤྱིའི་ཏཱ་ལའི་བླ་མའི་ཧྥུ་ལོ་ཞེས། བྱམས་བརྩེ་དང་གཞན་ཕན་ཉམས་ལེན་གྱིས་སྤྱི་ཚོགས་ཞབས་འདེགས་ཆེད་མགོ་ཁྲིད་ཟབ་སྦྱོང་ལོ་གཅིག་རེ་གནང་ལམ་ཡོད་ཁོངས་སློབ་ཕྲུག་ཁག་ཅིག་དང་། ལྷག་པར་ཨ་མི་རི་ཀའི་སློབ་ཆེན་ཁག་ཅིག་གི་གཙོ་འཛིན་དང་དགེ་རྒན་ཆེན་མོ་ཁ་ཤས་བཅས་ལ། སྤྱི་ཟླ་ ༣ པའི་ཚེས་ ༢༠ ནས་ ༢༡ བར་༸གོང་ས་མཆོག་གིས་ལམ་སྟོན་དང་དྲི་བར་བཀའ་ལན་བཅས་ཕེབས་སྐབས། གཙོ་བོ་ཕྱག་ལས་གནང་སྐབས་ཅི་ཐུབ་གང་ཐུབ་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་ཡིན་པ་བཀའ་སྩལ་བའི་སྐོར། ༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
རྒྱལ་བ་རིན་པོ་ཆེ་བོད་ཡིག་དྲ་ངོས་སུ་འཁོད་པ་གཞིར་བཟུང་ན། སྤྱི་ཚེས་ ༢༠ ཉིན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་སློབ་ཕྲུག་དང་དགེ་རྒན་རྣམ་པ་ཁོང་ཚོར། འགྲོ་བ་མིའི་རིགས་ནི་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་པ་དང་། མའི་མངལ་ལས་སྐྱེས་རྗེས་ཨ་མའི་བྱམས་བརྩེ་ལ་བརྟེན་ནས་འཚར་ལོངས་འབྱུང་བ་དང་། ཆུང་བྱིས་པའི་དུས་སུ་ཆོས་ལུགས་དང་མི་རིགས། རྒྱལ་ཁབ་སོགས་ཀྱི་དབྱེ་བ་མེད་པར་སེམས་ཧ་ཅང་གཙང་མ་ཡིན་པ་སོགས་བཀའ་སྩལ་པ་འཁོད་ཡོད་ཅིང་། ཨ་མི་རི་ཀ་ནས་ཡིན་པའི་སློབ་ཕྲུག་དང་ཏཱ་ལའི་བླ་མ་ཧྥུ་ལོ་ནཱི་ཀི་སྦཀ་ཊོར་ལགས་ནས། བྱམས་བརྩེའི་ཉམས་ལེན་ཐད་༧གོང་ས་མཆོག་ནི་མིག་དཔེ་བལྟ་ས་ཧ་ཅང་ངོ་མཚར་ཆེན་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་དོན། མགོ་ཁྲིད་ཀྱི་སྐོར་སློབ་སྦྱོང་བྱེད་པར་༸གོང་ས་མཆོག་གིས་ང་ཚོ་ཚང་མ་ཨ་མ་ལས་སྐྱེས་པ་དང་ཨ་མའི་བརྩེ་བས་བསྐྱངས་པ་གཅིག་གྱུར་ཡིན་པ་རྩལ་འདོན་གྱིས། བརྩེ་བ་དེ་ཚང་མ་ལ་དགོས་གལ་ཆེ་བར་གསུང་བ་སོགས། ཁོང་ནི་ང་ཚོས་བྱམས་བརྩེ་ཉམས་ལེན་གྱི་མིག་དཔེ་ངོ་མཚར་ཅན་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་ལ།

ཡང་ཨ་ཧྥི་རི་ཀའི་ཡོས་གྷན་ངྷ་རྒྱལ་ཁབ་ཀྱི་སློབ་ཕྲུག་Damilola Fash Fasorantiལགས་ནས་ཀྱང་། ༸གོང་ས་མཆོག་གི་ལམ་སྟོན་དང་བྱམས་བརྩེའི་བསླབ་བྱ་ནི་ལས་རིགས་ཀུན་གྱི་ནང་ཤིན་ཏུ་གལ་གནད་ཆེ་བ་འགྲེལ་བརྗོད་གནང་དོན། ༸གོང་ས་མཆོག་གི་ལམ་སྟོན་སྤྱི་དང་ཁྱད་པར་བྱམས་བརྩེའི་སྐོར་ནི་འཛམ་གླིང་འདིར་རྒན་དར་གཞོན་གསུམ་གྱིས། དགེ་རྒན་དང་ཕ་མ།གསར་འགྱུར་དང་གཏམ་བཤད་ཀྱི་ལས་རིགས་ཅི་རིགས་གཉེར་མིན་ལ་མ་ལྟོས་པར། ཕར་ཚུར་འབྲེལ་བ་མཐུད་པའི་བརྒྱུད་ལམ་ཉག་གཅིག་དང་དགོས་གལ་ཆེ་ཤོས་དེ་ཡིན་པས། སོ་སོའི་ལས་དོན་ནང་བྱམས་བརྩེའི་ཉམས་ལེན་གཙོར་འདོན་གནང་འཆར་ཡོད་པ་ངོ་སྤྲོད་གནང་གི་འདུག
རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་ནས་ཡིན་པ་ཏཱ་ལའི་བླ་མ་ཧྥུ་ལོ་ཁོངས་མི་རུ་ཆི་ལགས་ནས་ཀྱང་། མོ་རང་གིས་ཕྲུ་གུ་ལོ་ཆུང་ཚོར་བྱམས་བརྩེའི་ཉམས་ལེན་སྐོར་ལམ་སྟོན་གནང་གི་ཡོད་པ་འགྲེལ་བརྗོད་གནང་དོན། ཕྲུ་གུ་ཚོས་འཛམ་གླིང་ལ་ངོས་འཛིན་བྱེད་སྟངས་ནི་མཛའ་བརྩེ་ལྡན་པ་དང་ཕན་ཚུན་འཆམ་མཐུན། སྙིང་རྗེ་ཡོད་པ་ཞིག་ཡོང་ཐབས་ཀྱི་འཆར་སྣང་གི་ཁོངས་སུ། ཁོང་ཚོའི་ཕ་མ་དང་སྤྱི་ཚོགས་བཅས་མཉམ་དུ་འཁྲིད་ཐབས་བྱེད་བཞིན་པ་དང་། ཏཱ་ལའི་བླ་མ་ཧྥུ་ལོ་ལས་འཆར་གྱི་དམིགས་ཡུལ་ནི་བྱམས་བརྩེའི་ཉམས་ལེན་ཡིན་པར་བརྟེན། སོ་སོ་དེའི་ཆ་ཤས་ཆུང་ཆུང་སྟེ་མི་ཚོ་འཆམ་མཐུན་བཟོས་ནས་འགྲོ་བ་མི་སྤྱི་ལ་ཞབས་འདེགས་སྒྲུབ་མཁན་ཞིག་ཏུ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཏཱ་ལའི་བླ་མ་ཧྥུ་ལོ་ཞེས་པའི་ལས་གཞི་ནི་སྤྱི་ལོ་ ༢༠༡༠ ལོ་ནས་ ༸གོང་ས་མཆོག་གིས་རྒྱབ་སྐྱོར་གནང་སྟེ་འགོ་བཙུགས་པ་ཞིག་དང་། ལས་གཞི་དེར་རྒྱལ་ཁབ་ ༥༦ ནས་སློབ་ཕྲུག་ ༢༠༠ ཙམ་ནས་ད་བར་མཉམ་ཞུགས་གནང་ཡོད་པ་མ་ཟད། ཚོགས་འདུ་སྐབས་འདི་ལའང་གཞོན་སྐྱེས་མགོ་ཁྲིད་ ༡༤ ལྷན་ཞུགས་དང་། ལས་གཞི་འདི་ཨ་མི་རི་ཀའི་ཝིར་ཇི་ནི་ཡ་སློབ་ཆེན་གྱི་སྒྲིག་འཛུགས་ཁོངས་སུ་ཚུད་པར་བྱས་པའི་སྟེང་། ཁོ་ལོ་ར་ཊོ་སློབ་ཆེན་གྱི་སྡེ་ཚན་ཞིག་གི་སྒྲིག་ཁོངས་སུའང་ཚུད་པ་གནང་སྟེ། སློབ་ཆེན་གྱི་དབུ་འཛིན་ཁོང་ད་ལན་འདིར་ཆེད་དུ་མཇལ་ཁར་བཅར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།