༸གོང་ས་མཆོག་གིས་ཧི་མ་ཅལ་མངའ་ཁུལ་དུ་ཆར་ཞོད་དབང་གིས་གནོད་འཚེ་ཕོག་མཁན་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

2023.07.12
༸གོང་ས་མཆོག་གིས་ཧི་མ་ཅལ་མངའ་ཁུལ་དུ་ཆར་ཞོད་དབང་གིས་གནོད་འཚེ་ཕོག་མཁན་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ། ༸གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས། ༢༠༢༣།༠༧།༠༦ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༡༢ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུག་ཝིན་ཌར་སིང་(Sukhvinder Singh Sukhu)མཆོག་གི་མཚན་ཐོག་ཏུ་ཉེ་ལམ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཞོད་ཆེ་བའི་དབང་གིས་ས་རུད་དང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་མང་པོ་འདས་གྲོངས་སུ་ཕྱིན་པར་མགོན་པོ་གང་ཉིད་ནས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་འདུག
དེ་ཡང་གསུང་འཕྲིན་དེའི་ནང་། མགོན་པོ་གང་ཉིད་མཆོག་ཧི་མ་ཅལ་མངའ་སྡེའི་ནང་མི་ལོ་དྲུག་ཅུ་ལྷག་རིང་ཐུགས་སྤྲོ་པོའི་ངང་གནས་བཞིན་ཧི་མ་ཅལ་མི་མང་དང་ལྷན་དུ་དམིགས་བསལ་གྱི་མཛའ་བརྩེ་ཟབ་མོ་ཚོར་བཞིན་ཡོད་སྐོར་དང་། རང་བྱུང་རྐྱེན་ངན་ཚབས་ཆེའི་འོག་འདས་གྲོངས་སུ་གྱུར་པའི་ནང་མི་དང་གནོད་འཚེ་ཕོག་མཁན་ཡོངས་ལ་ཐུགས་གསོ་མཛད་ཡོད་པར་མ་ཟད། མགོན་པོ་མཆོག་ནས་ཁོང་རྣམས་ལ་སྨོན་ལམ་ཡང་གསུང་འདོན་མཛད་ཡོད་པ་འཁོད་ཡོད་འདུག
དེ་བཞིན་གསུང་འཕྲིན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་ཤེས་རྟོགས་བྱུང་བར་མངའ་སྡེ་གཞུང་དང་། ཚོགས་སྡེ་ཁག་གི་ངོས་ནས་གང་ཐུབ་ཀྱི་གནོད་འཚེ་འཕོག་པའི་མི་མང་རྣམས་ལ་ངལ་སེལ་རོགས་རམ་གནང་སྟེ་རྐྱེན་ངན་ཞི་འཇམ་དུ་གཏོང་བཞིན་ཡོད་པ་དང་། མགོན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཏཱ་ལའི་བླ་མའི་ཐེབས་རྩ་ནས་ངལ་སེལ་དང་རོགས་རམ་ཆེད་དུ་ཞལ་འདེབས་འབུལ་ཡོད་ཅེཞས་འཁོད་ཡོད་འདུག
འདི་ལོ་ཆར་ཞོད་ཀྱི་རྐྱེན་པས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་ཁུལ་མང་པོའི་ནང་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནས་ཚུལ་མང་དག་ཅིཞག་བྱུང་དང་འབྱུང་བཞིན་ཡོད་སྟབས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁུལ་དེར་གནས་སྡོད་བོད་པའི་གཞི་ཆགས་ཁག་གི་གནས་སྟངས་གང་འདྲ་ཡོད་མེད་ཐད་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས་སུ་ཞལ་པར་རྒྱུད་བཀའ་འདྲི་ཞུས་པར། ཁོང་གིས་འདས་པའི་ཉིན་ཤས་ནང་ཧི་མ་ཅལ་མངའ་ཁུལ་དུ་ཆར་པ་བསྟུད་མར་ཤུགས་ཆེ་བབས་པའི་རྐྱེན་གྱིས་གཙང་པོའི་ཉེ་འཁྲིས་སུ་ཆགས་པའི་ཀུ་ལུ་རྫོང་ཁོངས་ཀྱི་བོད་པའི་གཞི་ཆགས་ཁག་གསུམ་ཙམ་གྱི་གནས་སྟངས་ཛ་དྲག་ཆགས་ཡོད་ཀྱང་ད་བར་མིའི་ཚེ་སྲོག་ལ་ཉེན་ཁ་བྱུང་མེད་ཚུལ་གསུང་གི་འདུག
ཡང་ཁོང་གིས་ད་ལྟའི་ཆར་གཞུང་ལམ་ཆད་པའི་རྐྱེན་གྱིས་ས་ཁུལ་དེ་དག་ནང་རྟོག་ཞིབ་རྒྱུས་ལོན་ཆེད་དུ་ངོ་བཅར་ཐུབ་མེད་པ་དང་། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ད་ལྟ་དཀའ་ངལ་འཕྲད་བཞིན་པའི་ས་ཁུལ་དེ་དག་ནང་ཛ་དྲག་ངལ་སེལ་ཆེད་དུ་དཔལ་འབྱོར་གྱི་རོགས་སྐྱོར་གནང་ཡོད་པ་གསུང་གི་འདུག
སྤྱིར་འདི་ལོ་རྒྱ་གར་གྱི་མངའ་སྡེ་ནུབ་བྷང་གྷལ་དང་། འབྲས་ལྗོངས། ཨ་རུ་ནཱ་ཅལ། ཨ་སམ་དང་མེ་གྷ་ལ་ཡ་བཅས་སུ་ཆར་ཞོད་ཆེན་པོ་བབས་ཡོད་ཀྱང་ཆར་ཞོད་རྐྱེན་པས་གནོད་རྐྱེན་ཚབས་ཆེ་ཤོས་ཧི་མ་ཅལ་མངའ་སྡེའི་ནང་བྱུང་ཡོད་པ་རེད་འདུག འདི་ལོ་ས་རུད་དང་ཆུ་ལོག་གི་རྐྱེན་པས་ཧི་མ་ཅལ་མངའ་སྡེའི་ནང་ད་བར་ཁྱོན་མི་གྲངས་ ༣༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། ཁྱོན་ཧིན་སྒོར་ས་ཡ་ ༣༠༠༠ ཙམ་གྱི་དཔལ་འབྱོར་གྱོང་གུད་བྱུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎